༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཉི་མ་༤་ལ་འཛམ་གླིང་ཤར་ཕྱོགས་སུ་ཆགས་པའི་ཉི་ཧོང་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་ཅིང་། རྒྱལ་དོན་འཚམས་འདྲི་འདིའི་དམིགས་ཡུལ་གཙོ་བོ་ནི་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་དང་ཉི་ཧོང་གིས་ཨ་མི་རི་ཀའི་དངོས་ཟོག་མང་པོ་ཞིག་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་མེད་པར་གཏོང་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཉི་ཧོང་གི་ཁྲོམ་རའི་ནང་དུ་གོ་སྐབས་འདྲ་མཉམ་འཐོབ་པའི་ཆེད་དུ་ཡིན། ཉི་ཧོང་དང་ཨ་མི་རི་ཀའི་བར་གྱི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ནི་ཧ་ལས་དགོས་པ་ཞིག་ཡིན་རུང་ང་ཚོས་ཚོང་ལས་འདྲ་མཉམ་གྱི་གྲོས་མཐུན་ཞིག་ལ་མྱུར་དུ་མིང་རྟགས་འགོད་ཐུབ་པའི་རེ་བ་བཅངས་ཡོད་ཅེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བསྒྲགས། ཁོང་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པའི་སྐབས་འདིར་ཉི་ཧོང་གི་ཎི་ཁེ་མ་རྐང་ཁྲོམ་ར་འཕར་ཡོད་པ་དེ་ལ་བལྟས་ན་ཕྱོགས་གཉིས་ཀྱི་ཚོང་ལས་བརྟན་པོ་ཡིན་པའི་རྟགས་མཚན་མངོན།།
སྲིད་བློན་ཤཱིན་ཛོ་ཨ་བྷེ་དང་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་ཧོང་བ་རྣམས་ཚོང་པ་ཕུལ་བྱུང་དང་གྲོས་མོལ་བྱེད་མཁས་པོ་ཡིན་པས་ཨ་མི་རི་ཀས་ཉི་ཧོང་བ་རྣམས་གླེགས་མ་ཁེལ་བར་དཀའ་ངལ་འཕྲད་ཡོད། ཡིན་ནའང་ང་ཚོས་མྱུར་དུ་གྲོས་མཐུན་གསར་པ་ཞིག་འཇོག་ཐུབ་རྒྱུ་རེད་བསམ་ཡོད་ཅེས་བཤད། སྲིད་བློན་ཤཱིན་ཛོ་ཨ་བྷེས་ཨ་མི་རི་ཀ་དང་ཉི་ཧོང་གིས་ཕན་ཚུན་ཉོ་ཚོང་གི་ཚོང་ལས་གྲོས་མཐུན་ཞིག་མྱུར་དུ་འཇོག་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་ལས་དང་བདེ་འཇགས་སྲུང་སྐྱོབ་གཉིས་མཉམ་དུ་སྦྲེལ་བས་ཉི་ཧོང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་འཁྲི་ཆ་ཚང་ཞིག་ལེན་ཐུབ་ཀྱི་མེད་པར་བློ་འཚབ་བྱུང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་ལས་ཆ་མཉམ་ཡོང་རྒྱུ་གནད་འགག་ཆེན་པོ་ཡིན། ང་ཚོས་བདེ་འཇགས་ལ་གྲོས་བསྡུར་བྱེད་དུས་ངས་ཚོང་ལས་ཆ་མཉམ་ཡོང་དགོས་ཟེར་གྱིན་ཡོད། དེར་བརྟེན་ཉི་ཧོང་གིས་ཨ་མི་རི་ཀ་ནས་དམག་དོན་ཡོ་བྱད་ཧ་ཅང་ཕོན་ཆེན་ཞིག་ཉོ་སྒྲུབ་བྱས་སོང་། ད་ལོའི་ཕྱི་ཟླ་༧་པར་ཉི་ཧོང་གི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་འོས་འདེམས་བྱས་པའི་རྗེས་སུ་ཉི་ཧོང་དང་ཨ་མི་རི་ཀའི་ཚོང་ལས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སྲིད། ཕྱི་ཟླ་༨་ནང་དུ་ཕྱོགས་གཉིས་ཀས་ཚོང་ལས་ཆ་མཉམ་གྱི་གྲོས་མཐུན་ཞིག་འཇོག་རྒྱུའི་རེ་བ་འཆང་ཡོད། ཚོང་ལས་ཆ་མཉམ་བྱུང་ན་ཉི་ཧོང་དང་ཨ་མི་རི་ཀ་གཉིས་ཀར་ཁེ་ཕན་ཡོད། ང་ཚོས་ཚོང་ལས་ཀྱི་གནད་དོན་མྱུར་དུ་ཐག་གཅོད་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།
སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་ཅིག་རྒྱག་གི་ཡོད་པའི་ཞོར་དུ་ཉི་ཧོང་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་རླངས་འཁོར་ལའང་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ལ་གནོད་འབྱུང་སྲིད་པར་མ་ཟད། ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་སོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་ལའང་འགལ་རྐྱེན་སློང་སྲིད། ཨ་མི་རི་ཀས་རྒྱ་ནག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་ཅིག་རྒྱག་གི་ཡོད་པར་ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་ཅིག་སློང་གྲབས་བྱེད་ཀྱི་ཡོད་པར་མོས་མཐུན་བྱེད་ཀྱི་མེད་ཅིང་། ཨ་མི་རི་ཀའི་བྷུ་རུ་ཀིང་སི་ཞིབ་འཇུག་ཁང་གིས་ཌོ་ནལ་ཊམ་གྱི་རྒྱལ་དོན་འཚམས་འདྲི་དེར་ཞིབ་འཇུག་བྱས་ནས་ཨ་མི་རི་ཀ་དང་ཉི་ཧོང་གི་ཚོང་ལས་ཆ་མཉམ་མེད་པ་ཐེངས་འདིའི་རྒྱལ་དོན་འཚམས་འདྲིའི་གྲོས་གཞི་གཙོ་བོ་ཞིག་ཡིན་པར་སྣང་། ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ཉི་ཧོང་གི་རླངས་འཁོར་མང་ཆེ་བ་ཨ་མི་རི་ཀའི་ས་ཐོག་ཏུ་ལྷུ་ལག་སྒྲིག་གི་ཡོད་པས་ཨ་མི་རི་ཀའི་བཟོ་བ་ཚོར་ལས་ཀ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད། གལ་སྲིད་ཨ་མི་རི་ཀས་རྒྱ་ནག་ལ་ཚོང་དམག་ཅིག་རྒྱག་གི་ཡོད་པར་རྒྱལ་ཁ་འཐོབ་དགོས་ན་ཉི་ཧོང་ཨ་མི་རི་ཀའི་ཕྱོགས་སུ་ལངས་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་ནག་གི་སྟོབས་ཤུགས་གཅོག་པར་ཨ་མི་རི་ཀར་ཉི་ཧོང་གི་རྒྱབ་སྐྱོར་འཐོབ་དགོས་ཞེས་བཤད་འདུག
ད་ཐེངས་ཀྱི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་དང་སྲིད་བློན་ཨ་བྷེ་གཉིས་ཀས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་འབྲིང་གྲས་ཁག་ཅིག་ཚོད་ལྟ་བྱས་པར་གྲོས་མོལ་བྱས་འདུག ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་འགལ་འཛོལ་བྱུང་བ་རེད་ཅེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕུར་མདེལ་ཆུང་ཆུང་དེ་ཚོ་གནད་འགག་ཆེན་པོ་ཞིག་མ་རེད། ང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཡིད་ཆེས་ཡོད། ཁོ་པས་ང་ལ་རྡུལ་ཕྲན་མཚོན་ཆ་དང་རྒྱང་འཕེན་མེ་ཤུགས་འཕུར་མདེལ་རྣམས་ཚོད་ལྟ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་སོང་། གཅིག་བྱས་ན་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཡོང་ཐབས་སུ་འཕུར་མདེལ་ཁག་ཅིག་ཚོད་ལྟ་བྱས་པ་ཡིན་སྲིད། ངས་བལྟས་ན་དེ་ནི་གནད་འགག་ཅིག་མ་རེད་ཅེས་བཤད། གཟའ་ཟླ་བའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་དུས་རབས་སྔོན་མའི་ལོ་རབས་༧༠་པའི་ནང་དུ་བྱང་ཀོ་རི་ཡས་བཙན་ཁྲིད་བྱས་པའི་ཉི་ཧོང་བ་དེ་དག་གི་བཟའ་མི་ཚོར་ཐུག་འཕྲད་བྱས་པ་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་ཉི་ཧོང་གི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཁོ་པས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་འགལ་འཛོལ་བྱུང་བ་རེད་ཅེས་བཤད།།
སྲིད་འཛིན་ཌོ་ནལ་ཊམ་གྱི་ཉི་ཧོང་གི་འཚམས་འདྲིའི་རྗེས་སུ་སྲིད་བློན་ཨ་བྷེ་ཡུན་རིང་མི་འགོར་པར་ཨི་རན་ལ་ཕེབས་རྒྱུ་དང་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་དམག་དཔུང་འདྲེན་གཏོང་བྱས་ནས་ཨི་རན་ལ་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཀ་ཡོད་པ་ཞི་འཇམ་གཏོང་ཐབས་བྱ་རྒྱུ། ཉི་ཧོང་གི་རྡོ་སྣུམ་མང་པོ་ཞིག་ཨི་རན་ནས་ནང་འདྲེན་བྱེད་ཀྱི་ཡོད་པར་འགལ་རྐྱེན་མི་འཕྲད་པ་དང་ཉི་ཧོང་གིས་ཨ་མི་རི་ཀ་དང་ཨི་རན་གཉིས་ལ་བར་འདུམ་བྱ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཁས་བླངས། སྲིད་བློན་ཨ་བྷེ་གང་མགྱོགས་ཨི་རན་ལ་ཕེབས་ནས་ཨ་མི་རི་ཀ་དང་ཨི་རན་གཉིས་ལ་བར་འདུམ་བྱེད་ཐུབ་རྒྱུ་ཡིན་མིན་ནི་ཌོ་ནལ་ཊམ་གྱི་རྒྱལ་དོན་འཚམས་འདྲིའི་གྲུབ་འབྲས་ལ་ཐུག་ཡོད། སྲིད་འཛིན་ཌོ་ནལ་ཊམ་ཉི་ཧོང་ལ་འཚམས་འདྲིར་མ་ཕེབས་གོང་དུ་ཏ་ཟིག་མཚོ་ཁུག་ལ་ཨ་མི་རི་ཀའི་དམག་དཔུང་༡༥༠༠་ཁ་སྣོན་བཏང་སྟེ་ཨ་མི་རི་ཀའི་མཚོ་དམག་དང་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་ཏ་ཟིག་མཚོ་ཁུག་ཏུ་འགྲེམ་འཇོག་ཡོད་པས་ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨ་མི་རི་ཀས་ཏ་ཟིག་མཚོ་ཁུག་ཏུ་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་པ་འཛམ་གླིང་ཞི་བདེར་ཉེན་ཀ་ཞིག་རེད་ཅེས་བཤད། འོན་ཀྱང་ཨ་མི་རི་ཀས་ཨི་རཀ་དང་དཀྱིལ་ཤར་ས་ཁུལ་དུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་ལ་ཨི་རན་གྱིས་གཏོར་རྒོལ་བྱ་སྲིད་པའི་ཉེན་ཀ་ཡོད་པ་དང་ཨ་མི་རི་ཀས་རང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཏ་ཟིག་མཚོ་ཁུག་ལ་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་ཅེས་རྒྱུ་མཚན་བགྲངས་འདུག