ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་མོ་དྷིར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི།


༄༅།།རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷིར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་ཅེས་གསུང་འཕྲིན་ཞིག་བསྩལ་འདུག

༧གོང་ས་མཆོག་གི་གསུང་འཕྲིན་དེར་སྲིད་བློན་ན་རན་དྷ་ར་མོ་དྷི་གང་ཉིད་དང་ཁོང་གིས་དབུ་ཁྲིད་པའི་རྒྱ་གར་གྱི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་འདེམས་སྐབས་སུ་ལམ་ལྷོངས་བྱུང་བར་ངོས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཏེ། རྒྱ་གར་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཅིག་ལ་འགྱུར་བཞིན་པར་ངོས་རང་དགའ་སྤོབས་ཀྱིས་རབ་ཏུ་བརྟས། རྒྱ་གར་ནི་གནའ་བོའི་རླབས་ཆེན་གྱི་སྤྱི་ཚོགས་དཔལ་ཡོན་ལྡན་པ་དང་ཐུན་མོང་མ་ཡིན་པ། སྙིང་རྗེ། འཚེ་བ་མེད་པའི་སྤྱོད་པ་དང་བྱམས་བརྩེའི་ཀུན་སློང་བཅས་ལ་གཞི་རྟེན་བཅོལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན།།

ཟླ་བ་སྔོན་མར་ངོས་རང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ལོ་༦༠་འཁོར་བ་དང་། ངོས་ནས་ད་རེས་ཀྱི་གོ་སྐབས་ལ་བསྟུན་ནས་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་བཙན་བྱོལ་སྤྱི་ཚོགས་སུ་བོད་པའི་རིག་གཞུང་གཅེས་འཛིན་ཐུབ་ཡོད་ཅེས་འཁོད་འདུག

འདི་དང་དུས་མཚུངས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན། ཨི་སི་རལ་གྱི་སྲིད་བློན་དང་སིངྒ་ལའི་སྲིད་འཛིན། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན། ཉི་ཧོང་གི་སྲིད་བློན་དང་ཨབ་གྷ་ཎི་སི་ཐན་གྱི་སྲིད་འཛིན། འབྲུག་རྒྱལ་པོ་དང་བལ་ཡུལ་གྱི་སྲིད་བློན། བྷང་ག་ལའི་སྲིད་བློན་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྲིད་བློན་མོ་དྷིར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་དང་ཞུ་བཞིན་ཡོད་པ་རེད།།

XS
SM
MD
LG