ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དམག་དང་དེའི་ཤུགས་རྐྱེན།


༄༅།། ཟླ་སྟོད་འདིར་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགགས་པའི་རྗེས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ནས་ཨ་རིའི་མ་རྐང་ཁྲོམ་རར་གཡོ་ཁྱོམ་ཐེབས། འཛམ་གླིང་དཔལ་འབྱོར་རིག་པ་བ་ཚོས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་མ་བསྒྲིལ་ན་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཅི་ཙམ་འགྲོ་རྒྱུ་ཡིན་མིན་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་ཕལ་མོ་ཆེས་ཕྱོགས་གཉིས་ཀྱི་ཚོང་དམག་འདིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ནག་གི་ཆབ་སྲིད་མདུན་ལམ་བརྟན་ལྷིང་འབྱུང་མིན་དེར་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་ལ་གླེང་སློང་བྱ་རྒྱུ་དེ་ཙམ་འདང་གི་མེད་ཅིང་། ཨ་མི་རི་ཀའི་ཉམས་ཞིབ་པ་ཨི་ཛཀ་ཀོ་ཊི་ན་ཞེས་པ་ཞིག་གིས་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་པ་ཝྭིཀ་ཊོར་ཧྲི་ལ་བཅར་འདྲི་ཞུས་ནས་རྩོམ་ཡིག་ཅིག་སྤེལ་འདུག

ཁོ་པའི་རྩོམ་ཡིག་དེར་རྒྱ་ནག་དང་ཨ་མི་རི་ཀའི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་དང་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་ཐོན་སྐྱེད་ནང་འདྲེན་མ་བྱས་པའམ། ཡང་ན་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཨ་མི་རི་ཀའི་མི་དམངས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་གནོན་ཤུགས་སྤྲད་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་རྩིས་རྒྱག་གི་ཡོད་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་རྒྱུས་ལོན་མ་ཐུབ་པ་དང་གདེང་འཇོག་བྱ་རྒྱུ་དམའ་དྲགས་པ། ཌོ་ནལ་ཊམ་ལ་ཆབ་སྲིད་ཀྱི་རྣམ་དཔྱོད་མེད་པའི་ཚོད་དཔག་ནོར་འཁྲུལ་ཅན་ཞིག་བྱེད་ཡོད་པས་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཚོང་དམག་འདི་གནད་འགག་གཙོ་བོ་ཞིག་ཡིན་པ་ངོས་ཟིན་གྱི་ཡོད་མེད་ཤེས་རྟོགས་ཐུབ་དགོས། སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དམངས་གཙོའི་ལམ་ནས་འོས་འདེམས་བྱས་མེད་པས་འོས་འདེམས་སོགས་ཀྱི་ཕམ་ཉེས་འཁུར་མི་དགོས་པར་མི་དམངས་ལ་དཀའ་ངལ་ཁྱད་གསོད་བྱེད་དུ་འཇུག་ཐུབ། ཡིན་ནའང་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་དགོས་པ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་ངོ་འཕྲོད་ཡོད་པས་ཨ་རི་དང་རྒྱ་ནག་གི་ཚོང་དམག་འདིར་སྣང་ཆུང་གཏོང་མི་ཐུབ་ཅེས་བཀོད།།

རྩོམ་ཡིག་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ང་རྒྱལ་ཆེ་དྲགས་པའི་གཤིས་ཀ་འདྲ་མཚུངས་ཤིག་འདུག ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཀར་རང་ལ་སོ་སོའི་རྒྱལ་ཁབ་དེ་རླབས་ཆེན་ཞིག་ཏུ་བསྒྱུར་ཐུབ་པའི་ཐུན་མོང་མ་ཡིན་པའི་འཇོན་ཐང་ལྡན་པའི་རློམ་སེམས་ཤིག་འདུག ཌོ་ནལ་ཊམ་ལ་མཚོན་ན་ཕྱོགས་གཅིག་ནས་འུར་སྒྲོགས་དང་ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་དགོས་མཁོ་ལྟར་མཁྲེགས་པོ་བྱེད་ཀྱི་ཡོད་པ་ལྟར་ཞིས་ཅིན་ཕིང་ཡང་ཆབ་སྲིད་ཀྱི་དགོས་མཁོར་ཐུག་ཡོད། ཁོ་པས་ལྟ་གྲུབ་གསར་པ་ཞིག་བསྟན་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་སྔོན་མ་རྣམས་དང་མ་འདྲ་བ་ཞིག་བྱ་དགོས། དེས་ན་ཞིས་ཅིན་ཕིང་ལ་མི་རིགས་རིང་ལུགས་ཀྱི་ངར་ཤུགས་སློང་རྒྱུ་དང་རྒྱ་ནག་བསྐྱར་དུ་རླབས་ཆེན་ཞིག་ཏུ་བསྒྱུར་རྒྱུའི་འབོད་ཚིག་སྒྲོགས་རྒྱུ་ལས་ཐབས་ཇུས་གཞན་པ་མེད་ཅིང་། ཞིས་ཅིན་ཕིང་གི་ལྟ་གྲུབ་གཞན་མང་པོ་ཞིག་གདམ་ཆོག་ཀྱང་མི་རིགས་རིང་ལུགས་ཀྱི་ལྟ་བ་བདམས་ཡོད་པ་ནི་ཁོ་པ་སྒེར་ལ་རྩ་དོན་ཆེན་པོ་ཞིག་ཡིན་སྲིད། ཁོ་པས་རྒྱ་ནག་ནང་ཁུལ་དུ་དཔལ་འབྱོར་གྱི་དཀའ་སྡུག་མྱོང་དགོས་པ་དང་རྒྱ་ནག་མི་དམངས་ཀྱིས་རྩྭ་ཟ་དགོས་ཐུག་ཀྱང་ཨ་མི་རི་ཀའི་མདུན་དུ་ཕམ་གྱོང་འཁུར་རྒྱུ་མིན་ཟེར་གྱི་ཡོད་པ་རྣམས་རྒྱ་ནག་གི་ཕྱི་ལོགས་སུ་སྒྲོགས་ཀྱི་མེད། འདི་ནི་ཞིས་ཅིན་ཕིང་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འདི་རྒྱུན་འཁྱོངས་བྱ་འདོད་ཡོད་པའི་རྟགས་མཚན ཡིན་སྲིད། ཁོ་པས་ཆབ་སྲིད་ཀྱི་འབོད་ཚིག་བསྒྲགས་ཀྱང་ཨ་མི་རི་ཀར་ཕྱོགས་ཡོངས་ནས་ཚོང་དམག་ཅིག་རྒྱག་མི་ཕོད་གསལ་པོ་རེད་ཅེས་བཀོད།།

ཨ་མི་རི་ཀའི་ཉམས་ཞིབ་པ་ཨི་ཛཀ་ཀོ་ཊི་ནའི་རྩོམ་ཡིག་དེར་དམངས་གཙོའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཁ་ནས་བཤད་པ་དང་ལག་བསྟར་གཉིས་རྒྱབ་འགལ་བྱུང་ན་མི་མང་གིས་འོས་འདེམས་སྐབས་སུ་ཉེས་ཆད་བཅད་ནས་སྲིད་དབང་འཆོར་དུ་འཇུག་ཐུབ། རྒྱ་ནག་གི་འགོ་ཁྲིད་ཚོར་མི་དམངས་ཀྱིས་ཉེས་ཆད་གཅོད་རྒྱུའི་ཉེན་ཀ་མེད། ཁོ་ཚོས་གསར་འགྱུར་དང་མི་དམངས་ལ་མཐའ་གཅིག་ཏུ་དམ་དྲག་བྱས་ནས་ཨ་མི་རི་ཀར་གུ་བཤངས་ཆེན་པོ་ཞིག་བྱས་ཀྱང་མི་དམངས་ལ་སྦ་གསང་བྱེད་ཐུབ། རྒྱ་ནག་གི་ཤེས་ཡོན་ཅན་ཉུང་ཤས་ཤིག་གིས་གནས་ཚུལ་ངོ་མ་ཤེས་ཐུབ་ཀྱང་རྒྱ་ཆེའི་མང་ཚོགས་རྣམས་གླེན་རྨོངས་ཡིན་པས་ཞིས་ཅིན་ཕིང་ལ་རྒྱལ་ནང་དུ་སྐྲག་དགོས་ས་ཅི་ཡང་མེད། སྲིད་གཞུང་གི་ནང་དུའང་ཞིས་ཅིན་ཕིང་གིས་རང་གི་ཁ་གཏད་པ་རྣམས་རྩ་མེད་བཏང་ཟིན་པས་ཁོ་པར་ཁ་གཏད་གཅོག་ཐུབ་མཁན་ཡོང་དཀའ། རྒྱ་ནག་དང་ཨ་རི་གཉིས་ངོ་ཚ་མི་དགོས་པར་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་ཐབས་ལམ་ཞིག་ཡོད། དཔེར་ན་ཨ་མི་རི་ཀས་རྒྱ་ནག་གིས་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་གྱི་ཡོད་མེད་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར་ཀྱང་རྒྱ་ནག་གིས་དེ་ལ་བཙན་རྒྱལ་རིང་ལུགས་ཀྱི་བཙན་ཁྲིམས་ཞེས་ངར་སྐད་བསྒྲགས་ནས་ངོ་རྒོལ་བྱེད་ཆོག་པ་དང་རྒྱ་ནག་གིས་གུ་བཤངས་བྱས་མེད་པའི་རྣམ་འགྱུར་སྟོན་ཆོག དོན་དངོས་སུ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་རྒྱ་ནག་ལ་ལོ་ལྟར་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བཤད།།

རྩོམ་ཡིག་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀ་ངོས་ཟིན་གྱི་མི་འདུག ཁོ་ཚོས་འོས་འདེམས་ཀྱི་ས་ཁྲར་བལྟས་ནས་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་རྣམས་ཨ་མི་རི་ཀའི་ཞིང་འབྲོག་མང་ཚོགས་རེད། རྒྱ་ནག་གིས་ཨ་རིའི་ཞིང་འབྲོག་གི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་བཀག་ནས་ཨ་མི་རི་ཀའི་ཞིང་འབྲོག་མི་མང་ལ་དཀའ་ངལ་འཕྲད་ན་ཐེངས་རྗེས་མར་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་གྱི་མ་རེད། དེ་ནས་སྲིད་འཛིན་གསར་པ་ཞིག་འདེམས་ཐོན་བྱུང་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་ཁོག་རྩིས་རྒྱག་གི་འདུག ཡིན་ནའང་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀས་ཌོ་ནལ་ཊམ་གྱི་ཚོང་དམག་འདིར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་སྔར་བཞིན་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ། ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གིས་ཚན་རིག་ལག་རྩལ་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་རིག་དངོས་བདག་དབང་འཕྲོག་བཅོམ་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་ཀྱི་གོ་སྐབས་འདྲ་མཉམ་སྤྲོད་མེད་པར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཕོག་ཐུག་སོང་ཡོད་པ་ཤེས་རྟོགས་ཐུབ་མི་འདུག རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་དང་འབྲོག་ལས་ཐོན་རྫས་རྣམས་ནང་འདྲེན་མ་བྱས་ཀྱང་ཨ་མི་རི་ཀའི་གཞུང་གིས་ཞིང་འབྲོག་མི་མང་ལ་དངུལ་སྒོར་གྱོང་གསབ་སྤྲད་ནས་དཀའ་ངལ་སེལ་ཐུབ། རྒྱ་ནག་གིས་ཨ་མི་རི་ཀའི་དངོས་ཟོག་ཡོངས་རྫོགས་ལ་སྒོ་ཁྲལ་སྤར་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལྡབ་འགའ་ཞིག་ལ་སྒོ་ཁྲལ་སྤར་ཆོག་པས་ཐེངས་འདིའི་ཚོང་དམག་གིས་རྒྱ་ནག་ལ་ཕྱོགས་མང་པོ་ཞིག་ནས་སློབ་གསོ་དང་ཉམས་མྱོང་ཞིག་འཐོབ་དགོས་ངེས་ཡིན། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་དེའི་གནད་འགག་ངོས་ཟིན་ཡོད་མེད་ནི་བཤད་དཀའ་ཞེས་བཀོད།།

XS
SM
MD
LG