ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་བློན་མོ་དྷིར་འོས་འདེམས་ཀྱི་རྒྱལ་ཁ།


༄༅།། ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༡༡་ནས་རྒྱ་གར་རྒྱལ་ཡོངས་སུ་སྤྱི་ཡོངས་འོས་འདེམས་འགོ་ཚུགས་ཏེ། ཕྱི་ཟླ་༥་ཚེས་༢༣་ཉིན་རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གིས་གྲོས་ཚོགས་འཐུས་མིའི་འོས་འདེམས་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་རྒྱ་གར་གྱི་བྷེ་ཇེ་པི་གཞུང་འཛིན་ཚོགས་པར་གྲོས་ཚོགས་འཐུས་མི་༣༥༠་ཡས་མས་ཤིག་གི་གདན་གྲངས་ཐོབ། འདི་ནི་ཕྱི་ལོ་༢༠༡༤་ལོར་བྷེ་ཇེ་པི་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་༢༨༢་ཀྱི་གདན་གྲངས་ཐོབ་པ་དེ་ལས་མང་བ་ཐོབ་ཡོད་པས་སྲིད་བློན་མོ་དྷིས་སྲིད་དོན་ཚོགས་པ་གཞན་ཁག་ལ་མཉམ་འབྲེལ་བྱས་ནས་སྲིད་གཞུང་འཛུགས་མི་དགོས་ཤིང་། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་ཁྱོན་བསྡོམས་འཐུས་མི་༥༤༣་གྱི་གདན་གྲངས་ཡོད་པ་དེའི་ཁོངས་ནས་སྲིད་དོན་ཚོགས་པ་ཞིག་ལ་འཐུས་མི་༢༧༢་ཀྱི་གདན་གྲངས་འཐོབ་ན་སྲིད་གཞུང་འཛུགས་ཆོག ད་དུང་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ཀྱི་གྲུབ་འབྲས་ཆ་ཚང་ཞིག་ཕྱིར་བསྒྲགས་བྱས་ཟིན་མེད་ཀྱང་རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་གྲོས་ཚོགས་འཐུས་མི་༡༠༠་ཡས་མས་ཤིག་གི་གདན་གྲངས་ལས་ཐོབ་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ད་ལོའི་འོས་འདེམས་འདིར་རྒྱ་གར་མི་དམངས་དུང་ཕྱུར་༩་ལྷག་གིས་འོས་ཤོག་འཕངས། འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་སྲིད་དོན་ཚོགས་པ་གཉིས་ཀས་རྒྱ་གར་གྱི་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ། ན་གཞོན་ལས་ཤོར་བ་ཚོར་ལས་ཀ་གསར་པ་གོ་སྒྲིག་བྱ་རྒྱུ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་ནས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ། རྒྱ་གར་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་དཔུང་ངོམ་གྱི་འཐབ་ཇུས་ཤིག་འཛིན་རྒྱུའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པར་མ་ཟད། སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པས་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་ཁ་ཆེ་དང་ཡེ་ཤུ། གུ་ཡངས་ཀྱི་ལྟ་བ་འཛིན་པའི་རྒྱ་གར་གྱི་ཤེས་ཡོན་ཅན་ཚོ་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་དོགས་མ་བདེ་བར་གྱུར། ཤེས་ཡོན་ཅན་ཚོས་རྒྱ་གར་ལ་ཆོས་ལུགས་དང་མ་འབྲེལ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དར་ཡོད་པ་སྲིད་བློན་མོ་དྷིའི་སྲིད་གཞུང་གིས་ཧིན་རྡུ་ཆོས་ལུགས་ཀྱི་ལྟ་བས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་ལ་བསྒྱུར་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

འདས་པའི་ལོ་སུམ་ཅུའི་རིང་ལ་རྒྱ་གར་ལ་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་ཐུབ་པའི་གྲོས་ཚོགས་འཐུས་མིའི་གདན་གྲངས་འདང་ངེས་ཤིག་ཐོབ་མེད། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་མཉམ་འབྲེལ་བྱས་ནས་སྲིད་གཞུང་བཙུགས་ཀྱང་སྲིད་དོན་ཚོགས་པ་གང་ཞིག་གི་ལྟ་བ་དང་ལངས་ཕྱོགས་ལ་ཕོག་ཐུག་བྱུང་ན་སྲིད་དོན་ཚོགས་པ་དེ་མཉམ་སྐྱོང་སྲིད་གཞུང་ཁོངས་ནས་ཕྱིར་འཐེན་བྱས་ནས། རྒྱ་གར་གྱི་མཉམ་སྐྱོང་སྲིད་གཞུང་འཐོར་ཞིག་སོང་སྟེ་སྲིད་གཞུང་གིས་ཁུངས་འཁྱོལ་དཀའ། ༢༠༡༤་ལོར་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པས་སྲིད་དོན་ཚོགས་པ་ཆུང་ཁག་དང་ས་གནས་ཁག་གི་སྲིད་དོན་ཚོགས་པ་ཁག་ལ་བརྟེན་མ་དགོས་པར་སྲིད་གཞུང་བཙུགས། ད་ལོ་བྷི་ཇེ་པི་གཞུང་འཛིན་ཚོགས་པར་སླར་ཡང་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པ་ནི་༡༩༨༤་ལོར་ར་ཇིབ་གྷན་དྷིར་རྒྱ་གར་གྱི་གྲོས་ཚོགས་སུ་འཐུས་མི་༤༢༦་གི་གདན་གྲངས་ཐོབ་པ་དེར་གཤིབ་སྡུར་བྱེད་ཆོག་པ་ཞིག་ཏུ་གྱུར་འདུག

༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་རྗེས་སུ་ལོ་༥༠་ལྷག་ལ་ནེ་རུས་འགོ་ཁྲིད་པའི་ཀོང་རེ་སི་ཚོགས་པས་རྒྱ་གར་ལ་དབང་སྒྱུར་བྱས་པ་དང་དུས་རབས་སྔོན་མའི་ལོ་རབས་༩༠་པ་ནས་བྷི་ཇེ་པི་སྲིད་དོན་ཚོགས་པར་སྟོབས་ཤུགས་རྒྱས། ༢༠༡༤་ལོར་ན་རན་དྷ་ར་མོ་དྷིས་རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་དབང་སྒྱུར་འོག་ནས་ཐར་དགོས་ཀྱི་འདུག་ཅེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་རྒྱལ་ཁ་ཆེན་པོ་ཐོབ། ད་ལོ་ཀོང་རེ་སི་ཚོགས་པའི་རྒྱབ་སྐྱོར་པ་ཚོས་ཀྱང་སྲིད་དོན་ཚོགས་པ་དེ་སྐུ་དྲག་དང་མཐོ་རིམ་སྤྱི་ཚོགས། ནེ་རུ་ཁྱིམ་ཚང་སྒེར་གྱི་སྲིད་དོན་ཚོགས་པ་ལྟ་བུ་ཞིག་ལ་གྱུར་པ་དང་། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོས་རྒྱ་གར་གྱི་མི་དམངས་དཀྱུས་མའི་བདེ་སྡུག་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག དེ་ལས་ན་རན་དྷ་ར་མོ་དྷའི་ཨ་ཕ་ཇ་འཚོང་མཁན་ཞིག་ཡིན་ཞིང་། མོ་དྷི་ཡང་ཁྱིམ་ཚང་དབུལ་ཕོངས་ཤིག་ནས་ཐེམ་པ་རིམ་འཛེགས་ཀྱིས་དཀའ་ལས་བརྒྱབ་ནས་སྲིད་དོན་པ་ཞིག་ལ་གྱུར་ཡོད། ཁོང་གིས་རྒྱ་གར་གྱི་མི་དམངས་དཀྱུས་མའི་བདེ་སྡུག་ལ་རྒྱུས་ལོན་བྱེད་ཐུབ་ཅེས་བསམ་ཚུལ་བཤད་འདུག

འདི་ཙམ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྲིད་བློན་མོ་དྷིར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་བཞིན་ཡོད་པ་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་སིངྒ་ལའི་སྲིད་འཛིན། ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན། འབྲུག་རྒྱལ་པོ་དང་བལ་ཡུལ་གྱི་སྲིད་བློན་སོགས་ཀྱིས་སྲིད་བློན་མོ་དྷིར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། པ་ཀི་སི་ཐན་གཞུང་གིས་ཁ་སང་ནས་རྒྱ་གར་གྱི་སྲིད་དོན་ཚོགས་པ་གང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་ཁྱད་པར་མེད། པ་ཀི་སི་ཐན་གྱིས་རྒྱ་གར་ལ་ཞི་བའི་གྲོས་མོལ་བྱས་ནས་ཞི་བདེ་མཉམ་གནས་བྱ་འདོད་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་བྷི་ཇེ་པི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པའི་གསར་འགྱུར་སྒྲོགས་ཀྱི་ཡོད་པ་དང་ལྡི་ལི་གསར་པའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་དབུས་སྤྱི་ཁྱབ་ཁང་དུ་ཤོག་སྦག་སྦར་ནས་དགའ་སྟོན་བྱ་རྒྱུ་འགོ་ཚུགས། རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོས་འོས་འདེམས་ཀྱི་གྲུབ་འབྲས་ཆ་ཚང་ཕྱིར་བསྒྲགས་བྱ་རྒྱུ་དེར་སྒུག་དགོས། ཡིན་ནའང་འོས་ཤོག་གྲངས་ཀ་བརྒྱབ་ཟིན་པ་དེའི་མཇུག་འབྲས་ལ་བལྟས་ན་རང་གི་སྲིད་དོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་པའི་རྟགས་མཚན་འདུག་ཅེས་ནང་ཁུལ་དུ་གླེང་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG