ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་གློག་མིག་བཟོ་ཚོང་ཁང་ལ་ཚོང་འབྲེལ་གཅོད་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་གཞུང་གིས་མ་འོངས་པར་རྒྱ་ནག་གི་ལྟ་འཛིན་གློག་མིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཏ་ཁང་ཝེ་ཧྲིའམ། དབྱིན་སྐད་ཀྱིས་ཧེ་ཌི་ཁི་ཝེ་ཤོ་ཞེས་པར་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་ལག་རྩལ་དང་སྒྲིག་ཆས་ཀྱི་རིགས་འདོན་སྤྲོད་བྱ་རྒྱུར་ཚོད་འཛིན་བྱ་འཆར་ཡོད་པའི་གནས་ཚུལ་ཞིག་སྤྱི་ཟླ་༥་པའི་ཚེས་༢༡་ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་ཐོན། མ་འོངས་པར་ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཏ་ཁང་ཝེ་ཧྲི་ཞེས་པའི་བཟོ་ཚོང་ཁང་དེ་ཨ་རིའི་མིང་ཐོ་ནག་པོའི་ཐོ་གཞུང་དུ་འཇུག་སྲིད། དེ་ལྟར་བྱུང་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་ལ་ཉེས་ཆད་བཅད་པ་ཐེངས་དང་པོི་དེར་འགྱུར་གྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་བེད་སྤྱོད་བཏང་ནས་རྒྱ་ནག་མི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད་ཅིང་། དམིགས་བསལ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་ལ་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་མིའི་གདོང་རིས་ངོས་འཛིན་དང་རྒྱུད་རྒྱུ་གསོག་ཉར། མི་སྒེར་གྱི་ཐོབ་དཔང་གི་ནང་དུ་ལྟ་འཛིན་ལེབ་ཆས་འཇུག་པ་སོགས་མི་རྣམས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིའི་བཟོ་ཚོང་ཁང་ཁག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱེད་ཐབས་སུ་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་རིག་ལག་རྩལ་དང་ཐོན་རྫས་ཀྱི་རིགས་རྒྱ་ནག་ལ་ཕྱིར་འཚོང་བྱ་རྒྱུར་ཚོད་འཛིན་བྱ་དགོས་ཞེས་ཨ་རིའི་གྲོས་ཚོགས་སུ་གླེང་སློང་ཆེན་པོི་བྱུང་ཡོད་པ་ལྟར་ཐེངས་འདིར་ཨ་རིའི་གཞུང་གིས་ཆེད་དུ་རྒྱ་ནག་གི་གློག་མིག་བཟོ་ཚོང་ཁང་འདིར་ལག་རྩལ་ཕྱིར་ཚོང་བྱ་འཆར་མེད་པ་ནི་འགྲོ་བ་མིའི་ཐོབ་ཐང་དུ་གི་ཆེད་དུ་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ད་སྔ་རྒྱ་ནག་གཞུང་གིས་གློག་མིག་སོགས་དེང་རབས་འཕྲུལ་རིག་ལག་རྩལ་སྤྱད་ནས་རྒྱ་ནག་རང་གི་མི་དམངས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་མ་ཟད། འཕྲུལ་ཆས་དེ་དག་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱས་ནས་རྒྱ་ཁབ་གཞན་གྱི་གཞུང་གིས་ཀྱང་མི་དམངས་ཀྱི་རང་དབང་དང་ནུས་པར་སྟངས་འཛིན་བྱ་རྒྱུར་སྐུལ་སློང་དང་མཐུན་རྐྱེན་སྐྲུན་གྱི་ཡོད་པ་ནི་རྒྱལ་སྤྱིའི་སྟེང་ཉེན་ཁ་ཆེན་པོི་ཞིག་ལ་མཐོང་གི་ཡོད་ཅིང་། རྒྱ་ནག་གི་ཧྭ་ཏ་ཁང་ཝེ་ཧྲི་ཞེས་པའི་བཟོ་ཚོང་ཁང་འདི་ནི་ད་ལྟ་འཛམ་གླིང་སྟེང་གི་གློག་མིག་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ཚོང་ཁང་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་ནི་གློག་མིག་ཕྱིར་ཚོང་བྱེད་མཁན་ཆེ་ཤོས་སུ་གྱུར་འདུག

XS
SM
MD
LG