བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་བཀོད་ཁྱབ་ཅིག་ལ་མིང་རྟགས་བཀོད་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཟོ་མཁན་ཕྱིའི་རྒྱལ་ཁབ་ཀྱི་བརྡ་འཕྲིན་བཟོ་ཚོང་ཁང་ཁག་ལ་ཨ་རིའི་བརྡ་འཕྲིན་སྒྲིག་ཆས་སོགས་ཕྱིར་འཚོང་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་དེའི་ཡན་ལག་བཟོ་ཚོང་ཁང་ཁག་ལ་ཨ་རིའི་བརྡ་འཕྲིན་སྒྲིག་ཆས་ཕྱིར་འཚོང་མི་བྱ་རྒྱུའི་མིང་ཐོའི་ནང་དུ་བཅུག་ཅིང་། དེ་ལ་ཨ་རིའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་ཆེན་པོི་བྱས་ཡོད་པ་བཅས་ལ་བརྟེན་ནས་ཉེ་ཆར་རྒྱལ་སྤྱིའི་སྟེང་དུ་བེད་སྤྱོད་གཏོང་མཁན་ཧ་ཅང་མང་བའི་ཨ་རིའི་གྷོའུ་གྷོལ་བཟོ་ཚོང་ཁང་གིས་གྷོའུ་གྷོལ་གློག་འཕྲིན་དང་གྷོའུ་གྷོལ་ས་ཁྲ། བརྙན་གཏོང་དྲ་རྒྱ་སོགས་ཀྱི་ཚོང་ལས་དེ་ཧྭ་ཝེ་བཟོ་ཚོང་ཁང་དང་མཉམ་འབྲེལ་གྱིས་གཉེར་རྒྱུ་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཧྭ་ཝེ་བཟོ་ཚོང་ཁང་ནི་ལྷོ་ཀོ་རི་ཡའི་སམ་སང་བཟོ་ཚོང་ཁང་གི་འཕྲོ་ནས་འཛམ་གླིང་སྟེང་གི་ཁ་པར་བཟོ་སྐྲུན་ཁང་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད། དེ་ལྟ་བུའི་ཁྲོམ་ར་རྒྱ་ཆེན་པོ་ཡོད་པའི་ཧྭ་ཝེ་ཁ་པར་གྱི་སྟེང་དུ་རྗེས་ཕྱོགས་གྷོའུ་གྷོལ་གྱི་སྙི་ཆས་རིགས་བེད་སྤྱོད་བྱེད་དུ་མ་བཅུག་ན་ཧྭ་ཝེ་བཟོ་ཚོང་ཁང་ལ་མཚོན་ན་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད། གཞན་ཡང་འཇར་མན་གྱི་འཕྲུལ་རིགས་གློག་ལམ་ལྷུ་ཆས་བཟོ་སྐྲུན་ཁང་ཨིན་ཧྥེ་་ནིན་གྱིས་མ་འོངས་པར་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མུ་མཐུད་དུ་མཉམ་འབྲེལ་བྱ་རྒྱུར་ཚོད་འཛིན་བྱ་རྒྱུའི་གསལ་བསྒྲགས་སྤེལ། དེ་མིན་འཛམ་གླིང་སྟེང་གི་གློག་ལམ་ལྷུ་ཆས་བཟོ་སྐྲུན་ཁང་ཆེ་ཤོས་ཨིན་ཊད་ཨོ་བཟོ་ཚོང་ཁང་དང་ཁོལ་ཁམ་བཟོ་ཚོང་ཁང་གཉིས་ཀྱིས་ཀྱང་ནང་ཁུལ་གྱི་ལས་བཟོ་བར་བརྡ་ཁྱབ་བཏང་སྟེ་མ་འོངས་པར་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པའི་གནས་ཚུལ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་འདུག
ཨ་རི་དང་རྒྱ་ནག་གི་ཚོང་དམག་ལགས་ནས་སྒོ་ཁྲལ་སྤར་རེས་ཀྱིས་འགལ་ཟླ་རྣོ་ངར་ཅན་ཞིག་ལངས་ཡོད་པའི་སྐབས་འདིར་ཨ་རིའི་ཚན་རྩལ་བཟོ་ཚོང་ཁང་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག་བྱེད་བཞིན་པ་ནི་ཨ་རི་དང་རྒྱ་ནག་གི་ཚོང་དོན་འབྲེལ་བར་མེ་ཐོག་ཏུ་སྣུམ་བྱོས་པ་བཞིན་འགལ་ཟླ་ཆེ་རུ་འགྲོ་བཞིན་པར་མ་ཟད། འདི་ནི་རྒྱལ་ཁབ་གཉིས་ཀྱིས་ལོ་མང་རིང་ཚན་རྩལ་གྱི་འགྲན་རྩོད་དང་འགལ་ཟླ་ཚད་ངེས་ཅན་ཞིག་ལ་སླེབས་པའི་རྟགས་མཚན་ཡིན་པར་མི་མང་པོས་ངོས་འཛིན་བྱེད་ཀྱིན་འདུག ཨ་རིའི་གྷོའུ་གྷོལ་བཟོ་ཚོང་ཁང་སོགས་ཀྱིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱེད་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཧྭ་ཝེ་བཟོ་ཚོང་ཁང་གིས་དེ་ལ་ཡ་ལན་སློག་རྒྱུ་དང་ཧྭ་ཝེའི་བརྡ་འཕྲིན་སྒྲིགས་ཆས་བེད་སྤྱོད་གཏོང་མཁན་ཚོར་གསལ་བཤད་བྱེད་པའི་ཆེད་དུ་ཧྭ་ཝེ་བཟོ་ཚོང་ཁང་གིས་མུ་མཐུད་དུ་ཡར་རྒྱས་གཏོང་རྒྱུའི་ནུས་པ་ཡོད་པས་མ་འོངས་པར་མུ་མཐུད་དུ་ཁ་པར་དང་ལག་འཁྱེར་རྩིས་འཕྲུལ་སོགས་ཀྱི་བརྡ་འཕྲིན་ཞབས་ཞུའི་ལས་རིགས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་མི་སྲིད་པས་བེད་སྤྱོད་གཏོང་མཁན་ཚོ་བློ་སེམས་བདེ་མོས་བེད་སྤྱོད་དང་ཉོ་ཚོང་བྱས་ཆོག་ཅེས་འགྲེོལ་བཤད།།
ཨ་རིའི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་ཁག་ལ་མཚོན་ན་ལོ་མང་པོའི་སྔོན་ནས་བཟུང་ཧྭ་ཝེའི་སྒྲིག་ཆས་དང་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་སྒྲིག་ཆས་འདི་རྣམས་གཙོ་བོ་ཨ་ཧྥི་རི་ཀ་དང་ཨེ་ཤི་ཡ། ཡུ་རོབ་གླིང་བཅས་སུ་ཚོང་ར་རྒྱ་ཆེན་པོ་ཡོད་ཅིང་། ཧྭ་ཝེའི་སྒྲིག་ཆས་ཁག་གི་གོང་ཚད་སོགས་ལ་ས་ཁུལ་ཁག་གི་ཁ་པར་བཟོི་ཚོང་ཁང་དང་འཛད་སྤྱོད་པ་ཚོས་དགའ་བསུ་ཆེན་པོ་ཐོབ། འདས་པའི་ཟླ་བ་ཁ་ཤས་ཀྱི་རིང་ལ་ཨ་རིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཡོད་པའི་རྒྱུ་མཚན་བགྲངས་ནས་ཁ་པར་བརྡ་འཕྲིན་ཐོན་རིམ་རབས་༥་པ་བེད་སྤྱོད་གཏོང་སྐབས་རྒྱ་ནག་གི་ཧྭ་ཝེའི་སྒྲིག་ཆས་རྣམས་བེད་སྤྱོད་བྱ་རྒྱུ་བཀག་འགོག་བྱ་དགོས་པའི་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དབྱིན་ཡུལ་དང་འཇར་མན་ཎི་སོགས་ལའང་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ལས་ཡོ་བྱད་བཀོལ་སྤྱོད་ན་ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་གསང་བའི་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་མཉམ་འབྲེལ་འགག་སྲིད་ཅེས་ཉེན་བརྡ་བཏང་འདུག