ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་གར་གྱི་འོས་འདེམས་དང་ཀོང་རེ་སི་ཚོགས་པ།


༄༅།། ཕྱི་ཟླ་༥་པའི་ཚེས་༢༣་ཉིན་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་དང་སྲིད་དོན་ཚོགས་པ་གང་ལ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད་མེད་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་གར་གྱི་གཞུང་འཛིན་ཚོགས་པར་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་ཕམ་ཉེས་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ་ཀོང་རེ་སི་ཚོགས་པས་རྒྱ་གར་གྱི་སྲིད་དབང་བཟུང་ནས་ཕྱོགས་འགལ་ཚོགས་པ་ཁག་མགོ་བོ་འབུར་ཐུབ་མེད་པ་སྟེ། ནེ་རུ་དང་ཨིན་དྷར་གྷན་དྷི། ར་ཇིབ་གྷན་དྷི་བཅས་ནེ་རུ་ཁྱིམ་ཚང་གི་མི་རབས་གསུམ་གྱིས་རྒྱ་གར་ལ་དབང་སྒྱུར་བྱས་ནས་ཆབ་སྲིད་བསྐྱངས། དེང་སྐབས་ར་ཧུལ་གྷན་དྷི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་བྱས་ནས་སྲིད་དོན་ཚོགས་པ་དེའི་སྲིད་བློན་གྱི་འོས་མིར་ལངས། ༢༠༡༤་ལོར་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པས་ན་རེན་དྷ་ར་མོ་དྷི་སྲིད་དོན་ཚོགས་པ་དེའི་སྲིད་བློན་གྱི་འོས་མིར་བསྐོ་བཞག་བྱས་ཏེ་འོས་འདེམས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པས་རྒྱ་གར་གྱི་ཀོང་རེ་སི་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་བརྒྱ་ཆ་༨་ཀྱི་གདན་གྲངས་ལས་ཐོབ་མེད་པར་མ་ཟད། ད་ལྟ་ལོ་ལྔའི་རྗེས་སུའང་རྒྱ་གར་གྱི་ཀོང་རེ་སི་ཚོགས་པར་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སྟེ་སྔོན་མའི་གཟི་བརྗིད་ལྡན་པའི་དུས་སྐབས་དེར་ཕྱིར་ལོག་བྱ་ཐུབ་རྒྱུ་མིན་པའི་རྟགས་མཚན་སྣ་མང་ཞིག་ཐོན་འདུག

༢༠༡༩་ལོའི་སྤྱི་ཡོངས་འོས་འདེམས་འདིར་རྒྱ་གར་གྱི་མི་དམངས་འོས་ཤོག་འཕེན་མཁན་དུང་ཕྱུར་༩་ལྷག་གིས་འོས་ཤོག་འཕངས། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དང་པ་ཀི་སི་ཐན་དགྲར་འཛིན། རྒྱ་གར་གྱི་རྨང་གཞིའི་མཐུན་རྐྱེན་ཁག་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་རྩ་དོན་ཁག་ཅིག་གཙིགས་སུ་བཟུང་ནས་མི་མང་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རུང་མཐར་ཐུག་རྒྱ་གར་མི་དམངས་ཀྱིས་སྲིད་དོན་ཚོགས་པ་གང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་རྒྱུ་ཡིན་མིན་ལ་བསམ་བློ་བཏང་ནས་འོས་ཤོག་འཕངས་ཡོད་པའི་རྟགས་མཚན་ཐོན་ཡོད་པར་བརྟེན། ད་ལོའི་འོས་འདེམས་རྗེས་སུ་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གིས་རང་ཐད་དུ་སྲིད་གཞུང་འཛུགས་མི་ཐུབ་པ་དང་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་གྲོས་ཚོགས་འཐུས་མིའི་གདན་གྲངས་མང་བ་ཐོབ་ཡོད་པའི་དབང་དུ་བཏང་རུང་སྲིད་དོན་ཚོགས་པ་གཞན་ཁག་ལ་མཉམ་འབྲེལ་མ་བྱས་པར་སྲིད་གཞུང་འཛུགས་ཐུབ་པའི་གྲོས་ཚོགས་འཐུས་མིའི་གྲངས་འབོར་ལོངས་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་ཀོང་རེ་སི་ཚོགས་པས་ཀྱང་རང་ལ་འཐུས་མི་གྲངས་མང་གི་འོས་ཤོག་འཐོབ་མེད་ཚེ། རྒྱ་གར་གྱི་སྲིད་དོན་ཚོགས་པ་གང་ལའང་སྲིད་གཞུང་འཛུགས་ཐུབ་པའི་གྲོས་ཚོགས་འཐུས་མིའི་གདན་གྲངས་མི་འཐོབ་རྒྱུའི་རེ་བ་འཆང་ཡོད་པ་རེད།།

རྒྱ་གར་གྱི་མ་རྐང་ཁྲོམ་ར་ཁག་གིས་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་དགའ་མོས་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱི་ས་གནས་ཁག་གི་སྲིད་དོན་ཚོགས་པ་ཁག་ལ་སྟོབས་ཤུགས་རྒྱས་ཏེ་སྔར་བཞིན་རྒྱ་གར་གྱི་ཀོང་རེ་སི་ཚོགས་པ་དང་བྷ་ར་ཏི་ཡ་ཇན་ཏ་ཚོགས་པས་རྒྱ་གར་གྱི་ཆབ་སྲིད་ལ་ཁ་ལོ་སྒྱུར་པའི་དུས་སྐབས་དེ་ཡོལ་ཟིན། དཔེར་ན་རྒྱ་གར་གྱི་ཇཱ་ཝ་ལལ་ནེ་རུ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པའི་སློབ་དཔོན་ཟོ་ཡ་ཧ་སན་གྱིས་ཀོང་རེ་སི་ཚོགས་པས་སླར་ཡང་སྲིད་དབང་འཛིན་ཐུབ་པའི་རེ་བ་འཆང་རུང་༢༠༠༩་ལོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སྟེ་གྲོས་ཚོགས་འཐུས་མིའི་གདན་གྲངས་བརྒྱ་ཆ་༣༨་བཟུང་བ་དེ་འདྲ་ཞིག་ལ་བསྐྱར་ལོག་རྒྱག་པར་ལོ་མང་པོ་ཞིག་འགོར་ས་རེད། ངས་ཀོང་སེ་རི་ཚོགས་པས་བསྐྱར་དུ་སྲིད་དབང་འཛིན་ཐུབ་རྒྱུ་མ་རེད་ཅེས་ཁ་ཚོན་གཅོད་མི་ཐུབ་ཀྱང་ཐེངས་འདིའི་འོས་འདེམས་སྐབས་སུ་རྒྱལ་ཁ་འཐོབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བཤད། སྲིད་བློན་མོ་དྷིར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་ཀྱང་རྒྱ་གར་གྱི་དཔལ་འབྱོར་གོང་འཕེལ་གཏོང་ཐུབ་ཀྱི་མེད་པ་དང་རྒྱ་གར་གྱི་ཞིང་པའི་དཀའ་ངལ་སེལ་ཐུབ་ཀྱི་མེད་པ། རྒྱ་གར་གྱི་ན་གཞོན་ལས་ཤོར་པ་ཚོར་ལས་ཀ་གསར་པ་གོ་སྒྲིག་བྱེད་ཐུབ་ཀྱི་མེད་པ། སྲིད་བློན་མོ་དྷིས་ལོ་ལྔར་སྲིད་དབང་བཟུང་བའི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྟོབས་ཤུགས་རྒྱས་ནས་ཁ་ཆེ་དང་ཡེ་ཤུ། ནང་པ་དང་དེ་མིན་གྱི་ཆོས་ལུགས་ཁག་གི་རྗེས་འབྲང་བ་གྲངས་ཉུང་མི་རིགས་ཁག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་རེད།།

ད་ལྟ་རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་སྟོབས་ཤུགས་སླར་གསོ་བྱེད་པའི་ལས་འགན་གཙོ་བོ་ནི་ལོ་ན་༤༨་ལ་སོན་པའི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིའི་ཕྲག་སྟེང་དུ་བབས། ར་ཧུ་གྷན་དྷིའི་ཡང་མེས་ནི་རྒྱ་གར་ལ་རང་བཙན་ཐོབ་པའི་གཞུག་གི་སྲིད་བློན་དང་པོ་ནེ་རུ་ཡིན་པས་རྒྱ་གར་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་བསྒྱུར་པར་ནེ་རུས་མཛད་རྗེས་ཆེན་པོ་བཞག ར་ཧུལ་གྷན་དྷིའི་མེས་མོ་ཨིན་དྷར་གྷན་དྷི་དང་ཨ་ཕ་ར་ཇིབ་གྷན་དྷི་གཉིས་སྔ་རྗེས་སུ་རྒྱ་གར་གྱི་སྲིད་བློན་ལ་འདེམས་ཐོན་བྱུང་ནས་སྲིད་དབང་བཟུང་། ༢༠༡༧་བར་དུ་ར་ཧུལ་གྷན་དྷི་རྒྱ་གར་གྱི་ཆབ་སྲིད་ལ་ཞུགས་དགོས་མིན་ཐག་གཅོད་མ་བྱུང་ཡང་ཀོང་རེ་སི་ཚོགས་པར་འགོ་ཁྲིད་མེད་པར་ར་ཧུལ་གྷན་དྷིས་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་ཐུགས་འགན་བཞེས། ད་ལོ་ར་ཧུལ་གྷན་དྷིའི་གཅེན་མོ་པ་རི་ཡན་ཀ་གྷན་དྷི་ཡང་འོས་འདེམས་ལས་འགུལ་ལ་མཉམ་ཞུགས་བྱས་ནས་ཀོང་རེ་སིའི་ཚོགས་པའི་ཆེད་དུ་ལས་འགུལ་སྤེལ་ཡོད་པ་རེད།།

ད་ལོའི་འོས་འདེམས་ལས་འགུལ་སྐབས་སུ་ར་ཧུལ་གྷན་དྷིས་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་དྲག་པོ་བྱས། འོན་ཀྱང་སྲིད་བློན་མོ་དྷིས་ཀོང་རེས་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷི་ནི་འབྱོར་ལྡན་པ་དང་སྐུ་དྲག་གི་ཁྱིམ་རྒྱུད་དུ་སྐྱེས་པའི་མི་ཞིག་ཡིན་པས་མི་དམངས་དཀྱུས་མའི་བདེ་སྡུག་མི་ཤེས་པ་དང་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོ་དང་རྒྱ་གར་གྱི་མི་དམངས་དཀྱུས་མའི་འཚོ་བར་འབྲེལ་ཐག་ཆད་ཟིན། ང་ལ་མཚོན་ན་ཐོག་མར་ཇ་འཚོང་མཁན་ནས་ཐེམ་པ་རིམ་འཛེགས་དང་རྒྱ་གར་གྱི་དབུལ་ཕོངས་ཚོའི་དཀའ་སྡུག་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ཡིན་ཞེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་བས་རྒྱ་གར་གྱི་མི་དམངས་དབུལ་ཕོངས་ཚོའི་བློ་སེམས་འགུག་སླ། སྲིད་བློན་མོ་དྷིའི་རྒྱབ་སྐྱོར་པ་ཞིག་གིས་རྒྱ་གར་ལ་དུས་ནམ་ཞིག་དཀའ་ངལ་ཞིག་འཕྲད་ན་ར་ཧུལ་གྷན་དྷི་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལོར་བྲོས་འགྲོ་ཡི་རེད་ཅེས་ཨ་མའི་སྐྱེས་ཡུལ་ཨི་ཊི་ལི་ཡིན་པ་དང་སོ་ཎི་ཡ་གྷན་དྷི་རྒྱ་གར་བ་མིན་པའི་རྒྱུ་མཚན་བགྲངས། ད་དུང་རྒྱ་གར་གྱི་མི་དམངས་འོས་ཤོག་འཕེན་མཁན་མང་པོ་ཞིག་ལ་ཀོང་རེ་སི་སྲིད་དོན་ཚོགས་པ་ནི་ནེ་རུ་ཁྱིམ་ཚང་གི་སྒེར་བདག་སྲིད་དོན་ཚོགས་པ་ཞིག་ཡིན་པས་མི་དམངས་དཀྱུས་མ་ཚོར་སྲིད་དོན་ཚོགས་པ་དེའི་ཁོངས་སུ་གོ་གནས་འཕར་ཐུབ་པའི་རེ་བ་མེད་པའི་ཚོར་སྣང་ཡོང་གི་ཡོད་པ་རེད།།

XS
SM
MD
LG