ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁེ་ཝྭིན་མཱེ་ལོ་རཱི་ལོ་ལ་བཙོན་འཇུག་གི་ཁྲིམས་གཅོད།


༄༅།། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཁེ་ཝྭིན་མཱེ་ལོ་རཱིས་རྒྱ་ནག་ལ་ཨ་མི་རི་ཀའི་དམག་དོན་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དང་རྒྱ་ནག་གི་གསང་བའི་གནས་ཚུལ་ཨ་མི་རི་ཀར་མཁོ་སྤྲོད་བྱེད་མཁན་གསང་ཉུལ་རྣམས་རྒྱ་ནག་གཞུང་ལ་ཐེར་འདོན་བྱས་པའི་ནག་ཉེས་ཁག་ལ་ཞིབ་འཇུག་བྱས་པ་དང་བདུན་ཕྲག་སྔོན་མར་ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་མཱེ་ལོ་རཱི་ལ་ལོ་༢༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁྲིམས་སྦྱོར་བ་ཚོས་ཁེ་ཝྭིན་མཱེ་ལོ་རཱི་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་དགོས་ཞེས་ཞུ་གཏུགས་བྱས་ཀྱང་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་མེད་པ་རེད། ལོ་ན་༦༢་ལ་སོན་པའི་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་དེས་རྒྱ་ནག་གི་གསང་ཉུལ་ཞིག་ལ་ཨ་མི་རི་ཀའི་དམག་དོན་གསང་བའི་ཡིག་ཆ་སྤྲད་ནས་ཨ་སྒོར་༢༥༠༠༠་བླངས་པའི་ནག་ཉེས་ཕོག

ཐོག་མར་༢༠༡༧་ལོའི་ཕྱི་ཟླ་༤་པའི་ནང་དུ་ཁེ་ཝྭིན་མཱེ་ལོ་རཱི་དང་བུ་གཉིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་ཨ་མི་རི་ཀར་ཕྱིར་ལོག་བྱས་པ་དང་ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་གྱི་ཨོ་ཧེར་རྒྱལ་སྤྱིའི་གནམ་ཐང་དུ་མཱེ་ལོ་རཱི་ཕ་བུ་གཉིས་ལ་སྔོག་བཤེར་བྱས་པས་ཐོ་གཞུང་དུ་མ་བཀོད་པའི་ཨ་སྒོར་༡༦༥༠༠་རྙེད། དེ་ནས་ཨ་རིའི་འགག་སྒོའི་ལས་སྣེ་ཚོས་མཱེ་ལོ་རཱི་ལ་འདྲི་གཅོད་བྱས་པ་དང་ཁོ་པའི་ལག་ཏུ་རྒྱ་ནག་གི་གསང་ཉུལ་ཚོས་སྤྲད་པའི་སམ་སང་ཁ་པར་ཞིག་ཡོད་པའང་རྩད་ཆོད། ཁ་པར་དེའི་ནང་དུ་མཱེ་ལོ་རཱིས་རྒྱ་ནག་གི་འབྲེལ་བ་བྱ་ཡུལ་གསང་ཉུལ་དེར་ཁྱོད་ལ་དགོས་པ་ནི་གསང་བའི་གནས་ཚུལ་རེད། ང་ལ་དགོས་པ་ནི་དངུལ་སྒོར་རེད་ཅེས་འཕྲིན་ཐུང་ཞིག་བསྐུར་ཡོད་པ་བསུབས་མེད་པར་ལུས་ཡོད་པ་ཨ་རིའི་འགག་སྒོའི་ལས་སྣེ་ཚོས་མཐོང་འདུག

ཨ་རིའི་གཞུང་གི་ཁྲིམས་སྦྱོར་བས་དབུས་གསང་བའི་ལས་ཁང་གིས་ལས་སྣེ་ཟུར་པ་དེར་དངུལ་སྒོར་དགོས་མཁོ་བྱུང་ནས་འུ་ཐུག་ཡོད་པ་དང་ཁོ་པར་བཙོང་རྒྱུ་ཞིག་ཡོད་པ་ནི་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རེད། ཁོ་པས་ཨ་སྒོར་༢༥༠༠༠་བླངས་པ་དེས་ཉེན་ཚབས་ཆེ་ཆུང་ཆེ་ལོང་ཙམ་མཐོང་ཐུབ། གལ་སྲིད་ཁོ་པ་དུས་ཐོག་ཏུ་འཛིན་བཟུང་བྱེད་ཐུབ་མེད་ན་མཇུག་འབྲས་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཚོད་དཔག་དཀའ་བ་ཞིག་རེད་ཅེས་གསར་འགོད་པ་ཚོར་བཤད། ཨ་མི་རི་ཀའི་ཁྲིམས་ཁང་གིས་ཁེ་ཝྭིན་མཱེ་ལོ་རཱི་ལ་ཁྲིམས་ཐག་གཅོད་རྒྱུ་ནོར་འགྱངས་ཐེངས་འགའ་ཞིག་བཏང་སྟེ་དོ་བདག་གིས་ངོ་མར་ཨ་མི་རི་ཀའི་དམག་དོན་གསང་བའི་གནས་ཚུལ་ཅི་ཞིག་རྒྱ་ནག་ལ་མཁོ་སྤྲོད་བྱས་མིན་གསལ་ཁ་གཏོད་དགོས་ཞེས་བཀའ་བཏང་རུང་ཨ་མི་རི་ཀའི་ཁྲིམས་སྦྱོར་བ་དང་དག་འབུད་ཁྲིམས་རྩོད་པ་ཚོས་རྒྱ་ནག་ཏུ་ཡོད་པའི་ཨ་མི་རི་ཀའི་གསང་ཉུལ་ཚོར་ཉེན་ཀ་བྱུང་ཡོད་མེད་ཀྱི་རྩོད་པ་བརྒྱབ་ནས་ཁྲིམས་བཤེར་དུས་འགྱངས་སོང་ཡོད་པ་རེད།།

ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་དེའི་ཁྲིམས་བཤེར་གྱི་རྒྱུད་རིམ་དང་ནག་ཉེས་ཅི་ཡིན་བཅས་ཀྱི་གནས་ཚུལ་རྣམས་རྒྱལ་ཁབ་ཀྱི་གསང་བར་འབྲེལ་བ་ཡོད་པས་ཁྲིམས་ཁང་གིས་ཀྱང་ཕྱིར་བསྒྲགས་བྱེད་ཀྱི་མེད་ཅིང་། ཨ་རིའི་ཁྲིམས་སྦྱོར་བ་ཚོས་ཨ་མི་རི་ཀའི་གསང་ཉུལ་རྣམས་མཱེ་ལོ་རཱིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའམ། ཡང་ན་རྩིས་སྤྲོད་བྱ་གྲབས་བྱས་སོང་ཞེས་རྩོད་པ་བརྒྱབ་སྟེ་མཱེ་ལོ་རཱི་ཨ་རིའི་དབུས་གསང་བའི་ལས་ཁང་དུ་ཡོད་པའི་སྐབས་སུ་རྒྱ་ནག་ཏུ་ཡོད་པའི་ཨ་མི་རི་ཀའི་གསང་ཉུལ་ཚོར་འབྲེལ་བ་བྱེད་མཁན་ཡིན་ཞེས་སྒྲུབ་བྱེད་བཀོད། ཁྲིམས་དཔོན་གྱིས་མཱེ་ལོ་རཱིས་རྒྱ་ནག་ཏུ་ཡོད་པའི་ཨ་མི་རི་ཀའི་གསང་ཉུལ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་མེད་ཁ་ཚོན་གཅོད་དཀའ། ཡིན་ནའང་ཁོ་པའི་སྐུལ་སློང་ངན་པ་ཡིན་པ་གསལ་པོ་རེད། གལ་སྲིད་ཨ་མི་རི་ཀའི་གསང་ཉུལ་ཚོར་གནོད་འཚེ་བྱུང་ཡོད་ན་ངས་ཁྲིམས་ཐག་འདི་ལས་ལྕི་ཡ་ཞིག་གཅོད་ངེས་ཡིན་ཞེས་ཅེས་མཐའ་སྡོམ་བརྒྱབ་འདུག

དག་འབུད་ཁྲིམས་རྩོད་པ་ཚོས་མཱེ་ལོ་རཱི་ལ་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལྕི་དྲགས་འདུག ཁོ་པས་དངུལ་སྒོར་ཉུང་ཉུང་ཞིག་ལས་བླངས་མེད་པར་རྒྱ་ནག་གི་འབྲེལ་བ་བྱ་ཡུལ་ཁག་ཀྱང་སྦ་གསང་མེད་པར་ཨ་མི་རི་ཀའི་འདྲི་གཅོད་པ་ཚོར་བཤད་ཡོད་ཅེས་བཤད། ཡིན་ནའང་ཁྲིམས་དཔོན་གྱིས་མཱེ་ལོ་རཱིས་དངུལ་སྒོར་ཉུང་ཉུང་ཞིག་ལས་ལེན་ཐུབ་མེད་པ་ནི་ཁོ་པ་འཕྲལ་དུ་འཛིན་བཟུང་བྱས་ཐུབ་ཡོད་པ་དེར་ཐུག་ཡོད། གལ་སྲིད་ཁོ་པ་ཡུན་རིང་འཛིན་བཟུང་བྱས་ཐུབ་མེད་ན་དངུལ་སྒོར་འདི་ལས་མང་བ་ལེན་རྒྱུ་ཡིན་པ་ངེས་ཅན་རེད་ཅེས་ཐག་བཅད། དག་འབུད་ཁྲིམས་རྩོད་པ་ཚོས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱ་རྒྱུ་ཡིན་ཞེས་བཤད་འདུག

XS
SM
MD
LG