ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་རྒྱ་ནག་གི་ཚོང་དམག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་བཙུགས་ནས་ཚོང་ལས་ཀྱི་འགལ་ཟླ་བྱུང་ན་རྒྱལ་ཁབ་དེའི་བཟོ་ཚོང་ལས་ཁང་དང་ཚོང་པ་སོགས་ལ་རྒྱུད་སྐུལ་བྱས་ནས་རྒྱ་ནག་གི་ལངས་ཕྱོགས་དང་རྒྱ་ནག་གི་ཆ་རྐྱེན་ཁག་ལ་རྒྱབ་སྐྱོར་བྱེད་དུ་འཇུག་གི་ཡོད་ཅིང་། རྒྱ་ནག་གི་ལངས་ཕྱོགས་དང་ཆ་རྐྱེན་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་དང་ཚོང་ལས་ཀྱི་གོ་སྐབས་སྤྲད་ནས་ལེགས་སྐྱེས་སྤྲོད་པ། རྒྱ་ནག་གི་ལངས་ཕྱོགས་དང་ཆ་རྐྱེན་ཁག་ལ་ངོ་རྒོལ་བྱེད་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་བརྒྱབ་ནས་ཚོང་ལས་ཀྱི་གོ་སྐབས་མེད་པས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ཉི་ཧོང་སོགས་རྒྱལ་ཁབ་གང་འདྲ་ཞིག་ལ་ཚོང་ལས་ཀྱི་འགལ་ཟླ་བྱུང་རུང་རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་བཟོ་ཚོང་ལས་ཁང་ཁག་ལ་རང་རང་གི་སྲིད་གཞུང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་དུ་བཅུག་ནས་རྒྱ་ནག་གི་ཁེ་ཕན་བསྒྲུབས་ཡོད།།

ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་ཤུགས་ཆེ་རུ་བཏང་སྟེ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཕལ་མོ་ཆེས་སྔར་བཞིན་རྒྱ་ནག་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཨ་རིའི་བཟོ་ཚོང་ལས་ཁང་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཚོང་དམག་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་རང་གི་དགྲ་འདུལ་གཉེན་སྐྱོང་གི་ཚོང་ལས་སྲིད་ཇུས་དེས་ཁུངས་འཁྱོལ་གྱི་མེད་པ་ངོས་ཟིན། དཔེར་ན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚུགས་པའི་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་དེའི་གཙོ་འཛིན་གྱིས་རྒྱ་ནག་ན་ཁེ་སང་ཆེན་པོ་འདུག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་མང་པོ་ཞིག་ལ་སྒོ་ཁྲལ་ཆེན་པོ་འཇལ་འདོད་མེད་པ་དང་ང་ཚོས་བལྟས་ན་ཨ་མི་རི་ཀས་སྒོ་ཁྲལ་སྤར་ནས་རྒྱ་ནག་མི་དམངས་ལ་ཕོག་ཐུག་བཏང་ཡོད་སྲིད། ཡིན་ནའང་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཚོང་ལས་རྒྱ་སྐྱེད་གཏོང་གི་འདུག ང་ཚོར་བཀག་འགོག་སྣ་མང་ཞིག་བྱས་ནས་ཚོང་ལས་རྒྱ་སྐྱེད་གཏོང་དུ་མི་འཇུག་དོན་ཅི་ཞིག་ཡིན་ནམ་ཞེས་རྒྱ་ནག་གིས་དྲང་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་སྐྱོན་བརྗོད་བྱས་འདུག

འདས་པའི་ལོ་ཤས་ཤིག་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་གིས་རང་གི་ཐོན་སྐྱེད་རྣམས་རྒྱ་ནག་གི་ས་ཐོག་ཏུ་བཟོ་སྐྲུན་བྱས་ན་ཁེ་ཕན་མེད་པའི་བསམ་བློ་འཁོར་གྱི་ཡོད་པ་དང་དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་དྲགས་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་འགྲན་སྡུར་ཇེ་ཆེ། རྒྱ་ནག་གི་བཟོ་བའི་གླ་ཕོགས་འཕར་ནས་ཁེ་སང་ཆེན་པོ་ཞིག་མེད་པ། སྔ་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་འགོ་ཚུགས་པ་ནས་བཟུང་། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན། ཨིན་རྡུ་ནེ་ཤི་ཡ་དང་ཐེ་ཝན། སིངྒ་པུར་དང་ལྷོ་ཀོ་རི་ཡ་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་སྤོར་དགོས་པའི་ངེས་ཤེས་ཆེ་རུ་སོང་ཞིང་། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སི་སི་ཀོ་བཟོ་ཚོང་ལས་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་ཁེ་རེ་མེར་གྱིས་རྒྱ་ནག་ལ་བརྟེན་ནས་ཚོང་ལས་གཉེར་རྒྱུ་རྒྱ་ཆེན་པོ་ཞིག་ཉུང་དུ་བཏང་ཡོད། འདི་ནི་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཕན་ཚུན་སྒོ་ཁྲལ་སྤར་རེས་བྱས་པར་ཐུག་ཡོད་ཅེས་བཤད་འདུག

ན་ནིང་སྟོན་ཁར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་ཉིས་བརྒྱའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར། བདུན་ཕྲག་སྔོན་མ་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་ཡོད་པ་བརྒྱ་ཆ་༢༥་ལ་སྤར་ཡོད་པར་མ་ཟད། ད་དུང་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༣༠༠་ལྷག་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དེར་བརྟེན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཐེ་ཝན་དང་ལྷོ་ཀོ་རི་ཡ། སིངྒ་པུར་དང་རྒྱ་གར་སོགས་ལ་སྤོར་དགོས་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག ཨ་མི་རི་ཀའི་མོ་རེ་བཟོ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་གནས་སྐབས་ཀྱི་འགལ་ཟླ་ཞིག་ཡིན་པ་དང་འཕྲལ་དུ་སེལ་ཐུབ་པའི་ཚོད་དཔག་བྱས་པ་ཡིན། ད་ལྟ་བསམ་བློ་གཟབ་ནན་བཏང་ན་ཚོང་དམག་འདི་ལས་སླ་བོར་མཇུག་བསྒྲིལ་ཐུབ་པ་ཞིག་མིན་པ་ར་འཕྲོད་སོང་ཞེས་བཤད། ཨ་མི་རི་ཀའི་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་དང་ཇཱི་ཨེམ་རླངས་འཁོར་བཟོ་ཚོང་ཁང་། བྷོ་དབྱིན་གནམ་གྲུ་བཟོ་ཚོང་ཁང་དང་སི་ཊར་བྷག་འཚིག་ཇ་བཟོ་ཚོང་སོགས་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཁེ་སང་ཆེན་པོ་ཡོད་ཀྱང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་སློབ་དགོས་པ་དང་སྦྱོང་བརྡར་སྤྲོད་དགོས་པ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་དེ་དག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་ལ་བཙོང་དགོས་པས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་གནས་སྐབས་ཀྱི་ཁེ་ཕན་ཡོད་ཀྱང་ཕུགས་སུ་རང་གི་ཁ་གཏད་པ་རྣམས་སྐྱེད་སྲིང་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་དང་ཉམས་ཞིབ་པ་ཚོས་རང་གི་དཔལ་འབྱོར་སྟོབས་ཤུགས་དང་ཕྱི་དངུལ་གསོག་འཇོག རྒྱ་ནག་མི་དམངས་ཀྱི་འཚོ་བའི་གནས་ཚད་སོགས་ཕྱོགས་གང་ལ་བལྟས་ཀྱང་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གནོན་ཤུགས་ལ་རྒྱ་ནག་གིས་གདོང་ལེན་བྱེད་ཐུབ་ཀྱིན་འདུག རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྟུན་ཐབས་བྱས་ནས་མཉམ་འབྲེལ་གྱི་ཚོང་ལས་གཉེར་རྒྱུའི་ཚབ་ཏུ་རང་གི་ལས་དོན་རང་གིས་ཐག་གཅོད་བྱ་དགོས། རྒྱ་ནག་གི་རྒྱལ་ནང་དཔལ་འབྱོར་དང་ཚོང་ལས་ལ་ལེགས་བཅོས་གཏོང་དགོས། དེ་ལྟར་བྱུང་ན་མིག་སྔའི་དཀའ་ངལ་ཁག་ཅིག་སེལ་ཐུབ་ཅེས་ཆིང་ཧྭ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པ་བ་ཀྲུའུ་ནིང་གིས་བཤད་འདུག ཡིན་ནའང་རྒྱ་ནག་གི་དཔལ་འབྱོར་རྨང་གཞི་དངོས་ཟོག་ཕྱིར་ཚོང་དང་རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་དེར་ཤུགས་ཆེན་པོ་ཞིག་བརྟེན་ཡོད། ཨ་མི་རི་ཀས་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་རྒྱ་ནག་གིས་སྒོ་ཁྲལ་སྤར་ཟིན་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཀྱང་རྒྱ་ནག་གིས་དེ་ལ་ལན་པ་སློག་ཐབས་དབེན།།

སྔོན་ཆད་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས་པ་དང་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་གིས་ངོ་རྒོལ་བྱས་ནས་ཨ་རིའི་སྲིད་འཛིན་རིམ་པ་ཞིག་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཐུབ་མེད་ཅིང་། དེས་ན་འདས་པའི་ལོ་༣༠་ཡས་མས་ཤིག་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སོང་ཡོད། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚོང་ལས་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པར་མཉམ་འབྲེལ་བྱ་དགོས་པ་དང་། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཉར་འཛིན་བྱེད་ཡོད་པའི་གཞི་འཛིན་ཡིག་ཆ་རྣམས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱ་དགོས་པ། རྒྱ་གཞུང་གི་དགོས་འདུན་ལྟར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་གིས་དངོས་ཟོག་བཟོ་སྐྲུན་བྱ་དགོས་པ། མདོར་ན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་མི་དམངས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེར་མཐུན་ཕྱོགས་ཀྱི་དངོས་ཟོག་ཁོ་ན་བཟོ་སྐྲུན་བྱ་དགོས་ཐུག་གི་ཡོད་པ་རེད།།

XS
SM
MD
LG