ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མགོ་ལོག་ཁུལ་དུ་རྒྱ་ཡིག་གི་སློབ་གསོ་ལག་བསྟར་བྱ་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཀྱིས་ཡིག་ཆ་ཞིག་བཀྲམ་ནས་མགོ་ལོག་ཁུལ་ཡོངས་ཀྱི་རྫོང་དང་ཡུལ་ཚོའི་སློབ་ཆུང་ཁག་གི་འཛིན་གྲྭ་དང་པོ་ནས་རྒྱ་ཡིག་གི་བསླབ་གཞི་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་གཉིས་པ་ཞེས་པ་དེ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྡ་ཐོ་ཞིག་བཀྲམ་འདུག

སློབ་གསོའི་ཐབས་ལམ་དང་པོ་དང་གཉིས་པ་ཞེས་པ་ནི་རྒྱ་ནག་གཞུང་གིས་མི་རིགས་གྲངས་ཉུང་གི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་ཐབས་ལམ་རིགས་གཉིས་ཅན་གྱི་སློབ་གསོའི་སྲིད་ཇུས་ཤིག་ཡིན་པ་སྟེ། སློབ་གསོའི་ཐབས་ལམ་དང་པོ་ནི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱའི་སྐད་ཡིག་གི་སློབ་ཚན་གཅིག་མ་གཏོགས་རྩིས་རིག་དང་དབྱིབས་རྩིས། དངོས་ལུགས། རྫས་འགྱུར། ལོ་རྒྱུས་སོགས་བསླབ་གཞི་གཞན་རྣམས་གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་ནང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པའི་སློབ་གསོའི་ཐབས་ལམ་ཞིག་ཡིན་པ་དང་། སློབ་གསོའི་ཐབས་ལམ་གཉིས་པ་ཞེས་པ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་མ་གཏོགས་སློབ་ཚན་གཞན་པ་ཚང་མ་རྒྱ་ཡིག་ནང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པའི་སློབ་གསོ་ཐབས་ལམ་ཞིག་ལ་གོ་དགོས། དཔེར་ན་བོད་ས་ཁག་ལ་མཚོན་ན་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞིའི་ནང་དུ་བོད་ཀྱི་སྐད་ཡིག་གི་སློབ་ཚན་གཅིག་མ་གཏོགས་ལོ་རྒྱུས་དང་ས་ཁམས། རྩིས་རིག དངོས་ལུགས། རྫས་འགྱུར་སོགས་ཀྱི་བསླབ་གཞི་གཞན་རྣམས་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པ་དེ་ལ་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་འབོད་ཀྱི་ཡོད་པ་རེད།།

ཉེ་ཆར་མགོ་ལོིག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཀྱིས་རྫོང་སོ་སོར་རྒྱ་ཡིག་གི་བརྡ་ཐོ་ཞིག་བཀྲམ་པའི་གཞུང་འབྲེལ་ཡིག་ཆ་ཨང་གྲངས་༢༠༡་གི་སྟེང་དུ་༢༠༡༩་ལོའི་སྟོན་ཁའི་སློབ་སྐབས་གསར་པ་ནས་འགོ་བཙུགས་ཏེ་མགོ་ལོག་ཁུལ་གྱི་ཁོངས་གཏོགས་རྫོང་དང་ཡུལ་ཚོའི་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ལག་བསྟར་བྱ་དགོས་ཞེས་བཀོད། སློབ་གསོའི་ཐབས་ལམ་འདི་ལག་བསྟར་བྱེད་དགོས་པའི་དམིགས་ཡུལ་ནི་སློབ་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་གསར་པ་ཞིག་དང་སྐྱེད་སྲིང་གི་ལམ་ཁ་གསར་པ་ཞིག་སྟོན་པའི་ཆེད་དུ་ཡིན། མགོ་ལོག་གི་རྫོང་སོ་སོའི་སློབ་གསོའི་ཉམས་ཞིབ་སློབ་སྟོན་ཁང་དེ་དག་གི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དུ་ལག་བསྟར་བྱེད་ཀྱི་ཡོད། ད་ལོའི་སྟོན་ཁའི་སློབ་སྐབས་ནས་འགོ་བཙུགས་ཏེ་མགོ་ལོག་ཁུལ་ཡོངས་ཀྱི་སློབ་ཆུང་སློབ་ལོ་རིམ་དང་པོའི་ནང་དུ་བོད་ཀྱི་སྐད་ཡིག་གི་བསླབ་གཞི་མ་གཏོགས་སློབ་ཚན་གཞན་རྣམས་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱ་དགོས། རིམ་བཞིན་མགོ་ལོག་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ཡོངས་སུ་རྒྱ་ཡིག་གི་བསླབ་གཞི་གཙོི་བོར་འཛིན་པའི་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཀོད། སློབ་གྲྭ་ཁག་གིས་རྒྱ་ཡིག་གི་ཆུ་ཚད་བཟང་བའི་དགེ་རྒན་ཚོ་སློབ་ཆུང་ལོ་རིམ་དང་པོའི་དགེ་རྒན་ལ་གོ་སྒྲིག་བྱ་དགོས་པར་མ་ཟད། རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་འདི་ལག་བསྟར་ཐུབ་པའི་ཆེད་དུ་དགེ་རྒན་དང་སློབ་དེབ་ཀྱི་མཐུན་རྐྱེན་རྣམས་དུས་ཐོག་ཏུ་མཁོ་སྐྲུན་བྱ་དགོས། མགོ་ལོག་ཁུལ་གྱིས་མ་འོངས་པར་དགེ་རྒན་ཚོར་རྒྱ་ཡིག་གི་ཁྲིད་དེབ་གསར་པ་སློབ་ཁྲིད་བྱེད་སྟངས་དང་རྒྱ་ཡིག་གི་ཆུ་ཚད་ཡར་རྒྱས་གཏོང་རྒྱུའི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་ཡིག་ཆའི་ནང་དུ་འཁོད་འདུག

མགོ་ལོག་ཁུལ་གྱིས་ཡིག་ཆ་འདི་བཀྲམ་པའི་རྗེས་སུ་མགོ་ལོག་གཅིག་སྒྲིལ་རྫོང་གིས་ཡིག་ཆ་དེའི་ནང་དོན་ཁག་ལག་བསྟར་བྱ་ཐབས་ཀྱི་ཡིག་ཆ་ཞིག་བཀྲམ་འདུག་པ་དེར་སློབ་གྲྭའི་དགེ་རྒན་ཚོས་རྒྱ་ཡིག་གཙོ་བོིར་འཛིན་པའི་སློབ་གསོའི་ཐབས་ལམ་འདི་ལག་བསྟར་བྱ་ཐབས་ལ་བགྲོ་གླེང་ཚོགས་འདུ་བསྡུ་དགོས། བགྲོ་གླེང་བྱས་པའི་གྲུབ་དོན་ཁག་སྤྱི་ཟླ་༥་པའི་ཚེས་༣༠་སྔོན་ལ་རྫོང་གི་སློབ་སྟོན་ཁང་དུ་སྤྲོད་དགོས་ཞེས་གསལ་འདུག འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱའི་སྐད་ཡིག་གི་སློབ་གསོ་ལག་བསྟར་བྱ་རྒྱུའི་སྲིད་ཇུས་བཏོན་པ་ཐེངས་དང་པོ་མིན་ཞིང་། སྤྱི་ལོ་༢༠༡༧་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐད་གཉིས་སློབ་གསོར་བཅོས་སྒྱུར་གཏོང་རྒྱུའི་བསམ་འཆར་ཡིག་ཆ་ཞེས་པ་ཞིག་བཀྲམ་སྟེ་མི་རིགས་སློབ་གྲྭའི་སློབ་ཕྲུག་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དང་མཉམ་དུ་རྒྱལ་ཁབ་ཀྱི་སྤྱི་སྐད་རྒྱ་ཡིག་ལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དམིགས་བསལ་མི་རིགས་སློབ་གྲྭའི་རྩིས་རིག་དང་རྫས་འགྱུར། དངོས་ལུགས་སོགས་ཀྱི་སློབ་གསོའི་སྤུས་ཀ་ཡག་པོ་མེད་པའི་དངོས་ཡོད་གནས་སྟངས་དམིགས་སུ་བཟུང་ནས་རྒྱ་ཡིག་གི་རྩིས་རིག་སོགས་ལ་བསླབ་གཞིའི་རྒྱུ་ཆ་མང་པོ་ཡོད་པའི་ལེགས་ཆ་བཀོལ་སྤྱོད་བྱེད་པའི་ཆེད་དུ་རྩིས་རིག་དང་དངོས་ལུགས། རྫས་འགྱུར་བཅས་ཀྱི་སློབ་དེབ་རྣམས་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་ཞེས་བཀོད་པ་ནི་ཡིག་ཆ་དེའི་དམིགས་ཡུལ་གཙོ་བོ་ཡིན་པས་ཕྱི་ལོ་༢༠༡༧་གྱི་སློབ་སྐབས་དང་པོའི་འཛིན་རིམ་དང་པོ་ནས་འཛིན་རིམ་༩་པ་བར་སྟེ། སློབ་ཆུང་དང་དམའ་འབྲིང་གི་རྩིས་ཚན་གྱི་བསླབ་གཞི་ཁག་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱ་རྒྱུར་སྐུལ་ལྕག་བཏང་འདུག

སྤྱི་ལོ་༢༠༡༠་ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཡིག་གཙོི་བོར་འཛིན་པའི་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ལག་བསྟར་བྱ་རྒྱུའི་སྲིད་ཇུས་ཤིག་བཏོན་པས་རེབ་གོང་དང་ཆབ་ཆ་སོགས་སུ་སློབ་ཕྲུག་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་འབོད་ཚིག་བཀོད་པའི་འཕྲེད་དར་འཕྱར་ནས་རྒྱ་གཞུང་གི་སྲིད་ཇུས་དེར་ངོ་རྒོལ་བྱས་ཀྱང་རྒྱ་ནག་གཞུང་གིས་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་མུ་མཐུད་དུ་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པ་འདི་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་ཐབས་ཞིག་རེད་ཅེས་བོད་པ་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG