ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་ལ་ཞིབ་འཇུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཨིཀ་བྷལ་མཱི་ཡ་དང་པྲ་དིབ་ཡ་དྷབ་གཉིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༧་པར་ཞུགས་པས་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་གིས་གྲོས་ཚོགས་འཐུས་མི་མཱི་ཡ་དང་ཡ་དྷབ་གཉིས་ཀྱིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་རྩོ་དོན་ཏེ། བོད་དང་ཐེ་ཝན་གཉིས་ཀ་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་པའི་གཞུང་འབྲེལ་སྲིད་ཇུས་ལ་རྒྱབ་འགལ་བྱས་སོང་། བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་གིས་རང་གི་འཐུས་མི་གཉིས་ལ་ཞིབ་འཇུག་བྱ་རྒྱུ་ཡིན། བལ་ཡུལ་གྱི་གྲོས་ཚོགས་ཚོགས་གཙོས་གཟའ་མིག་དམར་ཉིན་གྲོས་ཚོགས་འཐུས་མི་མཱི་ཡ་ལ་ཟླ་སྟོད་འདིར་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ལཱ་ཊི་ཝྭི་ཡའི་རྒྱལ་ས་རི་གྷ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཞུགས་ཡོད་མེད་འདྲི་རྩད་བྱས་པ་ཡིན། ཡིན་ནའང་གྲོས་ཚོགས་འཐུས་མི་མཱི་ཡས་ལན་གསལ་པོ་ཞིག་བརྒྱབ་མ་སོང་། གྲོས་ཚོགས་འཐུས་མི་ཡ་དྷབ་གྲོས་ཚོགས་ལ་ཕེབས་མེད་པས་སྐད་ཆ་འདྲི་ཐུབ་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པ་ཞིག་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱིས་ལུང་འདྲེན་བྱས་འདུག

བལ་ཡུལ་གྲོས་ཚོགས་ཀྱི་གསར་འགོད་སློབ་སྟོན་པས་གྲོས་ཚོགས་ཚོགས་གཙོ་མ་ཧ་རས་འཐུས་མི་དེ་ཚོ་བསམ་བཞིན་ཚོགས་འདུ་དེར་ཕེབས་པ་ཡིན་ནམ། ཡང་ན་ཁོ་ཚོ་སྟེས་དབང་གིས་ཚོགས་འདུ་དེར་མཉམ་ཞུགས་བྱས་པ་ཡིན་མིན་ལ་ཞིབ་འཇུག་བྱ་འཆར་ཡོད་ཅེས་བཤད། གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་གི་ལས་སྣེ་གཞན་གཉིས་ཀྱིས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ཁ་སང་གཟའ་མིག་དམར་ཉིན་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་ནང་དུ་གྲོས་ཚོགས་འཐུས་མི་གཉིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཞུགས་པ་རེད་ཅེས་གསར་འགྱུར་ཐོན་སོང་། དེ་བར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་མ་ཧ་རས་གནས་ཚུལ་དེ་ཤེས་རྟོགས་བྱུང་མ་སོང་ཞེས་བཤད། ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་ལ་གྲོས་ཚོགས་འཐུས་མི་མཱི་ཡ་དང་ཡ་དྷབ་གཉིས་སྒེར་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཞུགས་པ་རེད་ཅེས་གནས་ཚུལ་སྤེལ་རུང་གྲོས་ཚོགས་འཐུས་མི་དེ་དག་གིས་བལ་ཡུལ་གྱི་གྲོས་ཚོགས་ཚོགས་གཙོར་དངོས་སུ་ཆོག་མཆན་ཞུས་མེད་ཅིང་། ཁོ་ཚོས་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་ལ་ཕྱི་རྒྱལ་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་ཅེས་བརྡ་བརྒྱབ་འདུག བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་ལ་ཁ་པར་བཏང་ནས་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་ཚབས་ཆེན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་སོང་ཞེས་བཤད་འདུག

ཕྱི་ཟླ་༥་ཚེས་༡༤་ཉིན་གྱི་ཕྱི་དྲོར་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ནས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་འཐུས་མི་གཉིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་པ་ཤེས་རྟོགས་བྱུང་མ་སོང་། བལ་ཡུལ་གཞུང་གིས་སྔར་བཞིན་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་དང་རྩ་འཛིན་བྱེད་བཞིན་ཡོད། བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ལས་འགུལ་གང་ཡང་སྤེལ་དུ་འཇུག་རྒྱུ་མིན་ཞེས་གཞུང་འབྲེལ་གྱི་སྲིད་ཇུས་དེ་ཉིད་བསྐྱར་དུ་བཟློས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེར་རྒྱ་གར་དང་བལ་ཡུལ། ཨོ་སི་ཊི་རི་ཡ་དང་ནེའུ་ཛི་ལན་ཌི། ཧྥ་རན་སི་དང་རོ་མ་ཎི་ཡ། ཁེ་ན་ཌ་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝྭེ་ཎི་ཡ་དང་ཆི་ལེ། ལཱ་ཊི་ཝྭི་ཡ་དང་དབྱིན་ཇི། སི་ཀོ་ཊི་ལན་ཌིའི་གྲོས་ཚོགས་འཐུས་མི་བཅས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་༢༥་དང་ཚོགས་ཞུགས་པ་བརྒྱ་སྐོར་ཞིག་ཕེབས་ཡོད་པ་ཡོད་པ་དང་ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོས་བོད་མི་དམངས་ལ་གདུང་སེམས་མཉམ་སྐྱེད། འཚེ་མེད་ཞི་བའི་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར། བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་སྤྲོད་དགོས་ཞེས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག

དེང་སྐབས་རྒྱ་ནག་གིས་བལ་ཡུལ་ལ་ཚད་ལས་བརྒལ་བའི་གནོན་ཤུགས་ཐེབས་ཀྱི་ཡོད་པ་སྟེ། ཉེ་ཆར་བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མི་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྨན་ཁང་ནས་སྙུང་གཞི་དྲག་སྐྱེད་བྱུང་སྟེ། ཕྱི་ཟླ་༤་པའི་ཚེས་༢༧་ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ་རེད་ཅེས་གསར་འགྱུར་ཞིག་སྤེལ་བ་དང་བལ་ཡུལ་གཞུང་གིས་རཤྟྲི་ཡ་ས་མ་ཅཱར་ས་མི་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་དབྱིན་སྐད་སྡེ་ཚན་གྱི་གསར་འགོད་པ་མོ་ཧ་ཎི་རི་སལ་དང་སོམ་ནྟ་ལཱ་མི་ཆན། ཇཱི་ཝྭན་བྷན་དྷ་རི་གསུམ་ལ་ཞིབ་འཇུག་བྱ་རྒྱུ་ཡིན། གསར་འགོད་པ་དེ་ཚོས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བར་བསམ་བློ་མ་བཏང་བར་བོད་དོན་གྱི་གསར་འགྱུར་ཞིག་སྤེལ་དགོས་པའི་ཀུན་སློང་ཅི་ཡིན་འདྲི་རྩད་བྱ་དགོས་ཀྱི་འདུག་ཅེས་བཤད། དཔེར་ན་བལ་ཡུལ་གྱི་འབྲེལ་མཐུད་དང་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་གི་བློན་ཆེན་བྷ་སི་ཀོ་ཏས་བོད་དོན་ནི་རྒྱ་ནག་ལ་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་རྩ་དོན་ཞིག་ཡིན། ཏཱ་ལའི་བླ་མའི་སྐོར་གྱི་གསར་འགྱུར་ཞིག་བལ་ཡུལ་གྱི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་སྤེལ་བ་དང་། ལྷག་པར་དུ་བལ་ཡུལ་གྱི་སྲིད་འཛིན་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པའི་སྐབས་སུ་གསར་འགྱུར་དེ་འདྲ་ཞིག་སྤེལ་བ་ནི་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱས་པ་རེད། དེས་ན་ངས་གསར་འགོད་པ་གསུམ་ལ་ཞིབ་འཇུག་བྱ་དགོས་པའི་བཀའ་བཏང་བ་ཡིན་ཞེས་བཤད་འདུག

བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་གསར་འགོད་པ་གསུམ་གྱིས་ང་ཚོར་ཆབ་སྲིད་ཀྱི་ཀུན་སློང་མེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་གསར་འགྱུར་ནང་དུ་ཐོན་བཞིན་པའི་མི་སྣ་གྲགས་ཆེན་ཞིག་ཡིན་ཞིང་། ཁོང་གིས་སྙུང་གཞི་བཞེས་པ་དང་ལྡི་ལིའི་སྨན་ཁང་དུ་དྲག་སྐྱེད་བྱུང་བ་རྣམས་བལ་ཡུལ་ཚུད་པའི་འཛམ་གླིང་མི་དམངས་ལ་ཤེས་འདོད་ཡོད་པའི་གསར་འགྱུར་ཞིག་རེད། ང་ཚོས་རྒྱ་གར་གྱི་ཨ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དེ་ཕབ་སྒྱུར་བྱས་ནས་བལ་ཡུལ་ལ་འགྲེམ་སྤེལ་བྱས་པ་ཡིན། འདི་ནི་མི་ཆོས་རིང་ལུགས་ཀྱི་ཀུན་སྤྱོད་གཞི་རྩར་བཟུང་བའི་གསར་འགྱུར་འགོད་སྤེལ་ཞིག་ཡིན་པ་ལས། ང་ཚོར་ཀུན་སློང་ངན་པ་དང་ཆབ་སྲིད་ཀྱི་དམིགས་ཡུལ་མེད། གསར་འགྱུར་དེར་༧གོང་ས་ཏཱ་ལའི་བླ་མའི་སྐུ་གཟུགས་ཀྱི་འཕྲོད་བཞེས་སྐོར་འབའ་ཞིག་འཁོད་འདུག་ཅེས་དག་འབུད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གིས་བོད་དོན་དང་༧གོང་ས་ཏཱ་ལའི་བླ་མར་འབྲེལ་བ་ཡོད་པའི་གསར་འགྱུར་གཅིག་ཀྱང་སྤེལ་དུ་འཇུག་གི་མེད་པས་རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་དང་། རྒྱལ་སྤྱིའི་གསར་འགོད་པའི་མནའ་འབྲེལ་མཐུན་ཚོགས། བལ་ཡུལ་གྱི་གསར་འགོད་པ་སོགས་ཀྱིས་བལ་ཡུལ་གཞུང་གིས་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱས་འདུག

XS
SM
MD
LG