༄༅།། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལས་ཚབ་ཤ་ན་ཧན་གྱིས་ཨི་རཀ་གི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་རིའི་དམག་ལ་ཨི་རན་གྱིས་ཚུར་རྒོལ་བྱས་ནས་དམག་འཁྲུག་ཆེན་པོ་ཞིག་ལངས་ན་ཨ་མི་རི་ཀས་འཕྲལ་དུ་དཀྱིལ་ཤར་ས་ཁུལ་ལ་དམག་༡༢༠༠༠༠་གཏོང་རྒྱུའི་གྲ་སྒྲིག་ཡོད། ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་མགྱོགས་ཚད་དེ་ཉིད་ཇེ་མྱུར་དུ་གཏོང་གི་འདུག་ཅེས་གསང་བའི་འཆར་གཞི་ཞིག་བདུན་ཕྲག་སྔོན་མར་ཕོ་བྲང་དཀར་པོར་ཚོགས་པའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་གི་ཐོག་ཏུ་བཀྲམ་ཡོད་ཅིང་། ཨ་རིའི་གསང་བའི་དམག་དོན་འཆར་གཞི་དེར་ཨ་མི་རི་ཀས་ཨི་རན་ལ་ཕར་རྒོལ་བྱེད་ན་ས་ཐོག་ནས་དཔུང་འཇུག་བྱ་མི་དགོས་པར་གནམ་མཚོ་གཉིས་ནས་གཏོར་རྒོལ་བྱ་དགོས་པའི་འཐབ་ཇུས་ཤིག་གྲ་སྒྲིག་བྱ་དགོས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་བཀོད་འདོམས་བྱས་པ་རེད་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག
ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་དམག་དོན་གསང་བའི་འཆར་གཞི་དེ་གྲོས་བསྡུར་བྱས་ཡོད་མེད་དང་སྙན་སེང་ཞུས་ཡོད་མེད་ཤེས་རྟོགས་ཐུབ་དཀའ། ཡིན་ནའང་བདུན་ཕྲག་སྔོན་མར་ཨ་རིའི་གསང་བའི་ལས་ཁང་གིས་ཨི་རཀ་དང་སི་རི་ཡ། དཀྱིལ་ཤར་ས་ཁུལ་དུ་བཀྲམ་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་ལ་ཨི་རན་གྱིས་ཚུར་རྒོལ་བྱ་རྒྱུའི་ཉེན་ཀ་དང་རྟགས་མཚན་གསལ་བོ་འདུག་ཅེས་གནས་ཚུལ་སྤེལ་བའི་རྗེས་སུ་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོམ་དང་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ། ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན། ཨ་མི་རི་ཀའི་གསང་བའི་ལས་ཁང་ཀུན་གྱི་སྤྱི་ཁྱབ་འགན་འཛིན་རྣམས་གསང་བའི་ཚོགས་འདུ་ཚོགས་ནས་ཨི་རན་གྱི་ཚུར་རྒོལ་འབྱུང་སྲིད་པའི་ཉེན་ཀར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲོས་བསྡུར་བྱས་པ་རེད་ཅེས་གསར་འགྱུར་བཀོད་པར་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ར་སིལ་སི་གྲོང་ཁྱེར་དུ་ཕེབས་ནས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་དང་ཨ་མི་རི་ཀའི་གསང་བའི་ལས་ཁང་བསྡུ་རུབ་བྱས་པའི་གསང་བའི་ཡིག་ཆ་རྣམས་ཡུ་རོབ་མཉམ་འབྲེལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་འཚོལ་གྱི་ཡོད་པ་རེད།།
ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཨ་མི་རི་ཀའི་དམག་༡༢༠༠༠༠་དཀྱིལ་ཤར་ས་ཁུལ་ལ་གཏོང་འཆར་ཡོད་པའི་གྲངས་འབོར་ནི་༢༠༠༣་ལོར་ཨ་མི་རི་ཀས་ཨི་རཀ་ལ་དམག་བརྒྱབ་པའི་སྐབས་སུ་བཏང་བའི་དམག་དཔུང་གི་གྲངས་འབོར་དང་གཅིག་མཚུངས་ཡིན་པ་དང་། ཨ་མི་རི་ཀས་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཨི་རན་ལ་དམག་བརྒྱབ་ནས་ཉེན་ཀ་མེད་པར་གཏོང་དགོས་པའི་ལངས་ཕྱོགས་བཟུང་རུང་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་ཨི་རན་གྱི་ཛ་དྲག་ཞི་འཇམ་གཏོང་དགོས་པའི་ལངས་ཕྱོགས་བཟུང་འདུག་ཅེས་གསར་འགྱུར་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨི་རན་གྱི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ཨ་མི་རི་ཀས་དཀྲོག་རྐྱེན་བསླངས་ནས་མིའི་བློ་ཁ་སྒྱུར་ཐབས་བྱེད་ཀྱིན་འདུག ཨི་རན་ལ་དཀྱིལ་ཤར་ས་ཁུལ་དུ་ཟིང་འཁྲུག་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་ཀུན་སློང་མེད། ཅིའི་ཕྱིར་ཞེ་ན་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་བསླངས་ན་མི་ཁ་ཤས་ཤིག་ལ་མ་གཏོགས་སུ་གཅིག་ལའང་ཁེ་ཕན་མེད་ཅེས་ཨ་མི་རི་ཀས་ཨི་རན་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དེར་དགག་པ་བརྒྱབ་འདུག
བདུན་ཕྲག་སྔོན་མར་ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ང་ཚོ་༢༠༡༥་ལོར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། ཨི་རན་གྱིས་ཉི་མ་༦༠་ཐམ་པའི་ནང་ཚུད་དུ་རྡུལ་ཕྲན་མཚོན་ཆའི་རྫས་རྒྱུ་བརྒྱ་ཆ་༢༠་ཐམ་པ་མཁོ་འདོན་བྱེད་ཐུབ་པའི་ལས་དོན་འགོ་འཛུགས་རྒྱུ་ཡིན་ཞེས་བསྒྲགས། དེ་ནས་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཞིག་ཏ་ཟིག་མཚོ་ཁུག་བཏང་བ་དང་བྷི་༥༢་རྟགས་ཅན་གྱི་མདེལ་འཕེན་གནམ་གྲུ་ཁག་གྲ་སྒྲིག ཨི་རན་གྱིས་འབེན་ཕོག་འཕུར་མདེལ་འབྲིང་གྲས་རྣམས་ཏ་ཟིག་མཚོ་ཁུག་གི་དམག་གྲུ་ཁག་གི་ཐོག་ཏུ་སྐྱེལ་འདྲེན་བྱས་ནས་ཨི་རཀ་དང་སི་རི་ཡ། སོ་ཌི་ཨ་རི་བྷི་ཡ་སོགས་ཀྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་ལ་གཏོར་རྒོལ་བྱེད་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡོད་པ་ཨ་མི་རི་ཀས་གསང་བའི་ལས་ཁང་གིས་རྩད་གཅོད་ཐུབ་ཅིང་། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཏ་ཟིག་མཚོ་ཁུག་ལ་ཨ་མི་རི་ཀའི་དམག་དཔུང་གཏོང་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད། ཨི་རན་གྱི་དམག་གི་སྟོབས་ཤུགས་ཉེན་ཀ་ཆེན་པོ་རེད་ཅེས་ངེས་གཏན་བྱས་ཀྱང་དམག་གི་གྲངས་འབོར་དེ་གསལ་པོ་ཞིག་བཤད་མེད་པ་རེད།།
ཡུ་རོབ་མཉམ་འབྲེལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀས་ཨི་རན་གྱི་ཉེན་ཀ་གླེང་སློང་བྱེད་ཀྱི་ཡོད་པ་འུར་སྒྲོགས་ཡིན་སྲིད། དཔེར་ན་༢༠༠༣་ལོར་ཨ་མི་རི་ཀའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨི་རཀ་གི་སྲིད་འཛིན་ས་ཏམ་ཧུ་སན་ལ་རྫས་འགྱུར་མཚན་ཆ་དང་ནད་འབུ་ཕྲ་མོའི་མཚོན་ཆ། ཨི་རཀ་ལ་གཏོང་ཚབས་ཆེ་བའི་མཚོན་ཆ་ཡོད་པའི་པར་རིས་དང་མཚོན་ཆ་དེ་རྣམས་སྦས་འཇོག་བྱ་ཡུལ་རླངས་འཁོར་གྱི་རི་མོ་རྣམས་བསྟར་ནས་ཨ་མི་རི་ཀས་ཨི་རཀ་ལ་དམག་བརྒྱབ་སྟེ་ས་ཏམ་ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག་པ་རེད། ཡིན་ནའང་མཐའ་མཇུག་ཨི་རཀ་ལ་ཨ་མི་རི་ཀས་གསང་བའི་ལས་ཁང་གིས་བཤད་པའི་རྫས་འགྱུར་མཚོན་ཆ་དང་ནད་འབུ་ཕྲ་མོའི་མཚོན་ཆ། གཏོང་ཚབ་ཅན་གྱི་མཚོན་ཆ་ཡོད་པ་གཅིག་ཀྱང་རྙེད་མེད། དེས་ན་ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཡུ་རོབ་མཉམ་འབྲེལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱས་པའི་གསང་བའི་ཡིག་ཆ་ཁག་ལའང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།།