ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དང་རྒྱ་ནག་གི་ཐེ་གཏོགས།


༄༅།། ཕྱི་ཟླ་༥་ཚེད༡༣་ཉིན་ཐེ་ཝན་གྱི་གསང་བའི་ལས་ཁང་གི་འགན་འཛིན་གཞོན་པ་ཀོ་ཁྲེང་ཧེང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གསར་འགོད་རང་དབང་ལ་བརྩི་འཇོག་མི་བྱེད་པས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གི་ལས་དོན་སྒྲུབ་ཕྱོགས་ལ་བཀོད་འདོམས་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་དགག་པ་བརྒྱབ། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དང་དེའི་གནད་འགག སྲིད་འཛིན་ཞིས་ཅིན་ཕིང་གི་དགོངས་པ་རྣམས་ཐེ་ཝན་མི་དམངས་ལ་ཁྱབ་སྤེལ་གཏོང་དགོས་པའི་སྐུལ་ལྕག་བཏང་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་ཇུས་རྣམས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལ་ཁྱབ་བསྒྲགས་བྱེད་དུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གིས་གཟའ་འཁོར་སྔོན་མར་པེ་ཅིང་ལ་ཚོགས་པའི་གསར་འགོད་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་ཐུབ་པའི་ལས་འགན་ཐེ་ཝན་གྱི་གསར་འགོད་པ་ཚོར་ཡོད་ཅེས་བཤད། པེ་ཅིང་ཉིན་རེའི་ཚགས་པར་དང་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཚོ་འགག་ཕྱོགས་གཉིས་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་འདུ་ཞིག་བསྡུས། ཐེ་ཝན་གྱི་གསང་བའི་ལས་ཁང་གི་འགན་འཛིན་གཞོན་པས་རྒྱ་ནག་གི་ཆབ་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་དབྱང་གིས་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་བཤད་པའི་གཏམ་བཤད་ལ་དགག་པ་བརྒྱབ།།

ཀོ་ཁྲེང་ཧེང་གིས་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གིས་གསར་འགོད་པ་ཚོར་བཤད་པའི་སྐད་ཆ་དེ་ཚོས་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་ཐབས་དང་ཐེ་ཝན་གྱི་གསར་འགོད་རང་དབང་ལ་ཧམ་བཤད་ཐེ་གཏོགས་ཀྱི་ངན་ཇུས་ཤིག་ལག་ལེན་བསྟར་བྱེད་ཀྱི་ཡོད་པ་སླར་ཡ་ར་འཕྲོད། ཐེ་ཝན་ནི་རང་དབང་དང་གུ་ཡངས་དམངས་ཙོའི་སྤྱི་ཚོགས་ཤིག་ཡིན་པས་གསར་འགོད་རང་དབང་ལ་བརྩི་མེད་གཏོང་བའི་དམར་ཤོག་རྒྱལ་ཁབ་ཅིག་ལ་ཐེ་ཝན་གྱི་གསར་འགོད་པ་ཚོར་བཀོད་པ་གཏོང་ཆོག་པའི་ཐོབ་ཐང་མེད། ཝང་དབྱང་གི་སྐད་ཆ་དེ་ཚོ་ཐལ་དྲགས་པ་དང་འཁྲུག་རྩོད་སློང་བ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བར་འགལ་རྐྱེན་སློང་རྒྱུ་ཡིན་པར་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ལའང་འགལ་རྐྱེན་སློང་སྲིད་ཅེས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ། རྒྱ་ནག་དང་ཨ་མི་རི་ཀའི་འབྱེལ་བ་སོགས་ཕྱོགས་གསུམ་གྱི་འབྲེལ་བར་སྦྱར་ནས་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གི་གཏམ་བཤད་དེར་སྐྱོན་བརྗོད་བྱས་འདུག རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གིས་ཨ་མི་རི་ཀས་ཐེ་ཝན་རྩེ་མོ་རྩེད་སྤྱད་བྱེད་ཀྱིན་འདུག ཐེ་ཝན་གྱི་དོན་དུ་ཨ་མི་རི་ཀས་རྒྱ་ནག་ལ་དམག་རྒྱག་གི་རེད་དམ། ངས་ཚོད་དཔག་བྱས་ན་དམག་འཁྲུག་རྒྱག་གི་མ་རེད། གལ་སྲིད་བརྒྱབ་པ་ཡིན་ན་ཨ་མི་རི་ཀར་འཐོབ་ཀྱི་རེད་དམ། ངས་བལྟས་ན་འཐོབ་ཀྱི་མ་རེད་ཅེས་ཐེ་ཝན་གྱི་གསར་འགོད་པ་ཚོར་གཏམ་བཤད་བྱས་འདུག

ཐེ་ཝན་གྱི་གསང་བའི་ལས་ཁང་གི་འགན་འཛིན་གཞོན་པས་ང་ཚོས་རྒྱ་ནག་གི་ཕྱོགས་གཏོགས་སམ། ཡང་ན་རྒྱ་ནག་དང་ལངས་ཕྱོགས་གཅིག་མཚུངས་འཛིན་པའི་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་མི་དམངས་ལ་གསར་འགྱུར་ལོག་པ་སྤེལ་ནས་མང་ཚོགས་ཀྱི་བློ་ཁ་སྒྱུར་ཐབས་བྱེད་བཞིན་འདུག་ཅེས་བཤད། གསར་འགོད་པ་ཚོས་པེ་ཅིང་གི་ཚོགས་འདུ་དེར་ཞུགས་པའི་ཐེ་ཝན་གྱི་གསར་འགྱུར་ལས་ཁང་དེ་རྣམས་རྒྱ་ནག་གི་ཕྱོགས་གཏོགས་པ་ཡིན་པར་མ་ཟད། རྒྱ་ནག་དང་ལྟ་སྤྱོད་གཅིག་མཚུངས་འཛིན་པའི་རིགས་སུ་ངོས་འཛིན་བྱ་འཆར་ཡོད་དམ་ཞེས་དྲིས་ཀྱང་ཐེ་ཝན་གྱི་གསང་བའི་ལས་ཁང་གི་འགན་འཛིན་གཞོན་པས་གསར་འགྱུར་ལས་ཁང་གང་ཞིག་ལའང་དེ་ལྟར་ངོས་འཛིན་བྱས་ནས་བསྒྲགས་འཆར་མེད། ད་ལྟ་ཐེ་ཝན་གྱི་གསང་བའི་ལས་ཁང་གིས་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག ཁ་སང་གཟའ་ཉི་མར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་ཚོས་རྒྱ་ནག་དང་ཐེ་ཝན་གྱི་གསར་འགོད་པ་ཚོ་པེ་ཅིང་དུ་ཚོགས་འདུ་ཚོགས་པར་དོ་སྣང་བྱེད་ཀྱི་ཡོད་ཅེས་བཤད། ཐེ་ཝན་གྱི་རྒྱ་ནག་དུས་བབ་ཚགས་པར་དང་དབུས་ཉིན་རེའི་ཚགས་པར་སོགས་ཚུད་པའི་ཐེ་ཝན་གྱི་གསར་འགྱུར་ལས་ཁང་༧༠་ཡས་མས་ཤིག་གི་གསར་འགོད་པ་རྣམས་པེ་ཅིང་གི་ཚོགས་འདུ་དེར་ཞུགས་ནས་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་ལ་ཐུག་འཕྲད་བྱས་ཡོད་པ་རེད།།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལ་ཤུགས་རྐྱེན་ཐེབས་ཐབས་བྱས་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་ཡོད། ངས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འབྲེལ་ཡོད་ཚན་པ་ཁག་ལ་ཐེ་ཝན་གྱི་གསར་འགྱུར་ལས་ཁང་དེ་ཚོར་ལྟ་རྟོག་ནན་པོ་བྱ་དགོས་པའི་བཀོད་འདོམས་བྱས་ཡོད་ཅེས་བཤད། འོན་ཀྱང་ཐེ་ཝན་གཞུང་གིས་རྒྱ་ནག་གི་ཐེ་གཏོགས་དེར་འགོག་རྒོལ་ཇི་ལྟར་བྱ་འཆར་ཡོད་མེད་གསལ་པོར་བཤད་མེད་ཅིང་། ཐེ་ཝན་གྱི་གསང་བའི་ལས་ཁང་གིས་མཚོ་གླིང་དེའི་གསར་འགྱུར་ལས་ཁང་ཁག་ཅིག་ལ་རྒྱ་ནག་གིས་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པའམ། ཡང་ན་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་དང་པེ་ཅིང་གི་ཚོགས་འདུ་དེར་རྒྱ་ནག་གི་གསར་འགྱུར་ལས་ཁང་༣༠་ཡས་མས་ཤིག་མཉམ་ཞུགས་བྱས་ཡོད་པས་ཐེངས་འདིའི་མཚོ་འགག་ཕྱོགས་གཉིས་ཀྱི་གསར་འགོད་པའི་ཚོགས་འདུ་དེར་རྒྱ་ནག་དང་ཐེ་ཝན་གྱི་གསར་འགྱུར་ལས་ཁང་བརྒྱ་སྐོར་ཤིག་འདུས་འདུག ཚོགས་འདུའི་ཐོག་ཏུ་ཝང་དབྱང་གིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུ་མངོན་དུ་འགྱུར་དགོས་ཞེས་ནན་བརྗོད་བྱས་ཤིང་། ཐེ་ཝན་གྱི་གསར་འགོད་པའི་གྲས་སུ་རྒྱ་ནག་དུས་བབ་ཚགས་པར་གྱི་བདག་པོ་ཚེ་ཨེང་མིང་དང་གོ་མིན་ཏང་གི་ཐེ་ཀྲུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་ཧུ་ཀྲི་ཅང་བཅས་ཡོད་པ་རེད།།

XS
SM
MD
LG