ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་བལ་ཡུལ་གྱི་གསར་འགོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མི་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྨན་ཁང་ནས་སྙུང་གཞི་དྲག་སྐྱེད་བྱུང་སྟེ། ཕྱི་ཟླ་༤་པའི་ཚེས་༢༧་ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པའི་གསར་འགྱུར་ཞིག་སྤེལ་ཡོད་ཅིང་། ད་ལྟ་བལ་ཡུལ་གཞུང་གིས་རཤྟྲི་ཡ་ས་མ་ཅཱར་ས་མི་ཏི་གསར་འགྱུར་ལས་ཁང་གི་གསར་འགོད་པ་གསུམ་ལ་ཞིབ་འཇུག་དང་གསར་འགོད་པ་དེ་ཚོས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བར་བསམ་བློ་མ་བཏང་བར་བོད་དོན་གྱི་གསར་འགྱུར་ཞིག་སྤེལ་དགོས་པའི་ཀུན་སློང་ཅི་ཡིན་འདྲི་རྩད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མི་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་དབྱིན་སྐད་སྡེ་ཚན་གྱི་གསར་འགོད་པ་མོ་ཧ་ཎི་རི་སལ་དང་སོམ་ནྟ་ལཱ་མི་ཆན། ཇཱི་ཝྭན་བྷན་དྷ་རི་གསུམ་གྱིས་རྒྱ་གར་གྱི་ཨེ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྡི་ལིའི་སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱི་ཟླ་༤་ཚེས་༢༧་ཉིན་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེར་གཞིས་ཚུགས་པའི་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་པའི་གསར་འགྱུར་སྤེལ་བ་བལ་བོའི་སྐད་ཡིག་ཏུ་བསྒྱུར། བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དེ་བརྒྱུད་འགོད་བྱས་པས་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་ལ་གནོན་ཤུགས་སྤྲད། བལ་ཡུལ་གཞུང་གིས་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་གསར་འགོད་པ་གསུམ་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས།།

བལ་ཡུལ་གྱི་འབྲེལ་མཐུད་དང་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་གི་བློན་ཆེན་བྷ་སི་ཀོ་ཏ་ཞེས་པ་དེར་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་བཅར་འདྲི་ཞུས་པར་བློན་ཆེན་དེས་བོད་དོན་ནི་རྒྱ་ནག་ལ་མཚོན་ན་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་རྩ་དོན་ཞིག་ཡིན། ཏཱ་ལའི་བླ་མའི་སྐོར་གྱི་གསར་འགྱུར་ཞིག་བལ་ཡུལ་གྱི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་སྤེལ་བ་དང་། ལྷག་པར་དུ་བལ་ཡུལ་གྱི་སྲིད་འཛིན་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པའི་སྐབས་སུ་གསར་འགྱུར་དེ་འདྲ་ཞིག་སྤེལ་བ་ནི་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱུང་ཡོད། དེར་བརྟེན་ངས་གསར་འགོད་པ་གསུམ་ལ་ཞིབ་འཇུག་བྱ་དགོས་པའི་བཀའ་བཏང་བ་ཡིན། ང་ཚོས་རང་གི་ཁྱིམ་མཚེས་ཀྱི་བློ་འཚབ་ལ་གཟབ་ནན་བྱ་དགོས། གལ་སྲིད་རྒྱ་གར་གྱི་སྲིད་བློན་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པའི་སྐབས་སུ་བལ་ཡུལ་གྱི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཀ་ཤི་མིར་གྱི་གནད་དོན་ཞིག་གསར་འགྱུར་ནང་དུ་སྤེལ་ན་རྒྱ་གར་ཕྱོགས་ནས་དེ་ལ་ངེས་པར་དུ་དོགས་ཟོན་བྱ་ངེས་རེད། གཞུང་གཉེར་གསར་འགྱུར་ལས་ཁང་གཅིག་གིས་ཀྱང་རང་གི་སྲིད་འཛིན་ཁྱིམ་མཚེས་རྒྱལ་ཁབ་དེར་འཚམས་འདྲིར་ཕེབས་ཡོད་པའི་སྐབས་སུ་རྩོད་གཞི་ཅན་གྱི་གསར་འགྱུར་དེ་འདྲ་ཞིག་སྤེལ་གྱི་མ་རེད་ཅེས་བཀའ་བཀྱོན་བཏང་འདུག

བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་གསར་འགོད་པ་གསུམ་གྱིས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ང་ཚོས་སྤེལ་གསར་འགྱུར་དེ་བའི་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་བརྒྱུད་བསྒྲགས་བྱས་སོང་། དེ་ནས་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་བལ་ཡུལ་གཞུང་ལ་གསར་འགྱུར་དེ་ཚོ་འགོག་དགོས་པའི་གནོན་ཤུགས་སྤྲད་མོད། འོན་ཀྱང་བལ་ཡུལ་གྱི་འབྲེལ་མཐུད་དང་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་གི་བློན་ཆེན་བྷ་སི་ཀོ་ཏས་བརྒྱུད་ལམ་གཞན་ཞིག་ནས་གནས་ཚུལ་དེ་ཤེས་རྟོགས་བྱུང་བ་འདྲ། ང་ཚོས་རྒྱ་གར་གྱི་ཨེ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་གཞི་རྩར་བཟུང་བ་ཡིན་ཞེས་བཤད།།

ཕྱི་ཟླ་༤་ཚེས་༢༧་ཉིན་གྱི་དགོང་མར་བལ་ཡུལ་གྱི་གོརྑ་བྷ་ཏྲ་ཉིན་རེའི་ཚགས་པར་གྱི་གསར་འགྱུར་ནང་དུ་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དེ་པར་རྩ་བསྒྲིགས། ཁོ་ཚོས་ཚགས་པར་གྱི་པར་རྩ་རྣམས་པར་སྐྲུན་ཁང་ལ་སྐྱེལ་གྲབས་ཡོད་པའི་མཚམས་སུ་རྩོམ་སྒྲིག་པས་ཚགས་པར་གྱི་རྒྱལ་སྤྱིའི་གསར་འགྱུར་ཤོག་ངོས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཞིག་པ་དང་དྷ་རམ་ས་ལར་ཕེབས་པའི་སྐོར་གྱི་གསར་འགྱུར་ཞིག་བསྒྲིགས་ཡོད་པ་མཐོང་བར་མ་ཟད། རྩོམ་སྒྲིག་པ་ཨ་ཅར་ཡས་འཕྲལ་དུ་གསར་འགྱུར་དེ་ཚགས་པར་ནང་ནས་ཕྱིར་འཐེན་བྱས་ཤིང་། བལ་ཡུལ་གྱི་གོརྑ་བྷ་ཏྲ་ཚགས་པར་ནང་དུ་༧གོང་ས་མཆོག་སྙུང་གཞི་དྲག་སྐྱེད་བྱུང་སྟེ་ལྡི་ལི་ནས་དྷ་རམ་ས་ལར་ཕེབས་པའི་གསར་འགྱུར་དེ་འགོད་ཐུབ་མེད་ཀྱང་ཚགས་པར་ལས་ཁུངས་དེའི་ལས་སྣེ་ཁག་ཅིག་གིས་བལ་ཡུལ་གྱི་གསར་འགོད་པ་ཚོས་བསམ་བཞིན་གསར་འགྱུར་དེ་འདྲ་སྤེལ་གྱི་འདུག་ཅེས་བལ་ཡུལ་གྱི་འབྲེལ་མཐུད་དང་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་གི་བློན་ཆེན་བྷ་སི་ཀོ་ཏར་བརྡ་ལན་བསྐྱལ་བ་འདྲ་ཞེས་གོརྑ་བྷ་ཏྲ་ཚགས་པར་ལས་ཁང་གི་ནང་ཁུལ་གྱི་ལས་བྱེད་པ་ཚོས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད།།

བལ་ཡུལ་གྱི་རཤྟྲི་ཡ་ས་མ་ཅཱར་ས་མ་ཏི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་གསར་འགོད་པ་གསུམ་གྱིས་རང་ལ་ཆབ་སྲིད་ཀྱི་ཀུན་སློང་མེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་གསར་འགྱུར་ནང་དུ་ཐོན་བཞིན་པའི་མི་སྣ་གྲགས་ཆེན་ཞིག་ཡིན། ཁོང་གིས་སྙུང་གཞི་བཞེས་པ་དང་ལྡི་ལིའི་སྨན་ཁང་དུ་དྲག་སྐྱེད་བྱུང་བ་རྣམས་བལ་ཡུལ་ཚུད་པའི་འཛམ་གླིང་མི་དམངས་ལ་ཤེས་འདོད་ཡོད་པའི་གསར་འགྱུར་ཞིག་རེད། དེར་བརྟེན་ང་ཚོས་རྒྱ་གར་གྱི་ཨ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དེ་ཕབ་སྒྱུར་བྱས་ནས་བལ་ཡུལ་དུ་བཀྲམ་པ་ཡིན། འདི་ནི་མི་ཆོས་རིང་ལུགས་ཀྱི་ཀུན་སྤྱོད་གཞི་རྩར་བཟུང་བའི་གསར་འགྱུར་འགོད་སྤེལ་ཞིག་ཡིན། ང་ཚོར་ཀུན་སློང་ངན་པ་དང་ཆབ་སྲིད་ཀྱི་དམིགས་ཡུལ་མེད། གསར་འགྱུར་དེར་༧གོང་ས་ཏཱ་ལའི་བླ་མའི་སྐུ་གཟུགས་ཀྱི་འཕྲོད་བཞེས་སྐོར་འབའ་ཞིག་འཁོད་འདུག་ཅེས་དག་འབུད་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གྱི་འབྲེལ་མཐུད་དང་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་གི་བློན་ཆེན་བྷ་སི་ཀོ་ཏས་བལ་ཡུལ་གྱི་གོརྑ་བྷ་ཏྲ་ཚགས་པར་ནང་དུ་གསར་འགྱུར་དེ་བཀོད་ཡོད་ན་ངས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་གི་རེད། ང་ཚོའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་སྐབས་སུ་གསར་འགྱུར་དེ་འདྲ་ཞིག་སྤེལ་བ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་མ་རེད། ང་ཚོའི་ས་བབ་ཆགས་སྟངས་ལ་བསམ་བློ་གཏོང་དགོས། གསར་འགོད་པ་དེ་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་གསར་འགྱུར་དེ་འདྲ་ཞིག་སྤེལ་བ་ཡིན་ནམ། ཡང་ན་ཁོ་ཚོས་མ་ཤེས་པར་རྨོངས་པའི་དབང་གིས་གནད་འགག་འཛིན་མ་ཐུབ་པ་ཡིན་མིན་བཤད་དཀའ་བ་ཞིག་རེད་ཅེས་དགག་པ་བརྒྱབ།།

འདི་ཙམ་ན་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་དང་བལ་ཡུལ་གྱི་གསར་འགོད་པའི་ཡན་ལག་མཐུན་ཚོགས་གཉིས་ཀས་བལ་ཡུལ་གཞུང་གིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་གྱི་གསར་འགོད་རང་དབང་མེད་པར་བཏང་སྟེ་བལ་ཡུལ་གྱི་གསར་འགྱུར་ལས་ཁང་རྣམས་སྲིད་གཞུང་གི་མགྲིན་ཚབ་པ་ལྟ་བུ་ཞིག་ལ་འགྱུར་རྒྱུའི་ཉེན་ཀ་འདུག བལ་ཡུལ་གཞུང་གིས་གསར་འགྱུར་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་འཆར་ཡོད་པའི་དགོངས་དོན་ཁག་གསར་འགོད་རང་དབང་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་རེད། བལ་ཡུལ་གྱི་གསར་འགོད་བཅའ་ཁྲིམས་གསར་པའི་ནང་དུ་སྲིད་གཞུང་གི་གསར་འགོད་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་བའམ། ཡང་ན་གསར་འགོད་བཅའ་ཁྲིམས་ལ་མི་མཐུན་པའི་གསར་འགྱུར་སྤེལ་ན་བལ་སྒོར་ས་ཡ་གཅིག་ཉེས་ཆད་གཅོད་ཆོག གསར་འགོད་པ་ཚོས་གང་ཟག་སྒེར་པའི་མཚན་མཐོང་ལ་གནོད་པའི་གསར་འགྱུར་སྤེལ་ན་གསར་འགོད་པ་དང་རྩོམ་སྒྲིག་པ། གསར་འགྱུར་པར་ཁང་བཅས་ལ་བལ་སྒོར་ས་ཡ་༡་རེ་ཉེས་ཆད་གཅོད་དགོས། ད་དུང་གང་ཟག་སྒེར་པ་དེའི་མཚན་མཐོང་ལ་ཐད་ཀར་གནོད་སྐྱོན་ཕོག་མེད་ཀྱང་གསར་འགོད་པ་རྣམས་ཁྲིམས་ལ་སྦྱོར་ཆོག་ཅེས་བཀོད་ཡོད་པས་བལ་ཡུལ་གྱི་གསར་འགོད་བཅའ་ཁྲིམས་དེ་ཉིད་རྒྱལ་ཡོངས་གྲོས་ཚོགས་ཀྱིས་དངོས་སུ་གཏན་འབེབས་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་ན་བལ་ཡུལ་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁང་ཁག་སྲིད་གཞུང་གི་ལྟ་རྟོག་འོག་ཏུ་ཚུད་རྒྱུ་ཉག་ཅིག་རེད་ཅེས་བཤད་འདུག

XS
SM
MD
LG