ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་སྣོན།


༄༅།། རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་གཙོས་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ཝ་ཤིང་ཊོན་ལ་ཕེབས་ནས་གྲོས་མོལ་བྱས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་དེར་གྲོས་མཐུན་ཞིག་འཇོག་ཐུབ་མེད་པར་མདང་དགོང་མཚན་དཀྱིལ་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའམ། དེང་སྐབས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ལས་རྒྱག་གི་མེད་པ་བརྒྱ་ཆ་༢༥་ལ་སྤར། རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཨ་མི་རི་ཀས་སྒོ་ཁྲལ་སྤར་པ་བློ་ཕམ་གྱི་གནས་ཚུལ་རེད། ང་ཚོས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་མ་སྤར་ཐབས་མེད་ཡིན། རྒྱ་ནག་གི་རེ་བར་ཨ་མི་རི་ཀས་ཀྱང་གུ་བཤངས་ཕྱེད་ཀ་བྱས་ནས་མཉམ་འབྲེལ་དང་གྲོས་བསྡུར། ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་ལྷག་བསམ་རྣམ་དག་གིས་སེལ་ཐབས་བྱ་རྒྱུའི་རེ་བ་འཆང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འདས་པའི་ཟླ་བ་མང་པོར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་ཐེངས་༡༠་བྱས་པར་མཐའ་མའི་གྲུབ་འབྲས་ཐོན་མེད་པས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་སླང་ཡང་སྡུག་ཏུ་ཕྱིན་འདུག

ཁ་སང་གཟའ་ཕུར་བུ་དང་དེ་རིང་གཟའ་པ་སངས་གཉིས་ལ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་དོན་སྐུ་ཚབ་ཚོས་ཝ་ཤིང་ཊོན་དུ་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་དགོས་པའི་གྲོས་མོལ་བྱེད་ཀྱི་ཡོད་རུང་ཨ་མི་རི་ཀས་རྒྱ་ནག་ཁ་ཏན་ཚིག་ལ་གནས་ཀྱི་མེད་པ་དང་སྔོན་ཆད་མོས་མཐུན་བྱས་ཟིན་པའི་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་སྒྱུར་བཅོས་གཏོང་བའམ། ཡང་ན་རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་ཟིན་བྲིས་ཤོག་གྲངས་༡༥༠་ལྷག་ཡོད་པ་དེ་དག་གི་ནང་དུ་དོན་ཚན་མང་པོ་ཞིག་ནག་སུབ་གཏོང་གི་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྟག་ཏུ་རྒྱ་ནག་གིས་དྲང་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག དཔེར་ན་རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཅོག་གི་ཡོད་པ་དང་རྒྱ་ནག་གི་ཁྲོམ་ར་ཆེན་པོ་ཞིག་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་ཀྱི་མི་འདུག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གི་སྲུང་སྐྱོབ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།

རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་གོང་གི་གནད་དོན་ཁག་ལ་གྲོས་བསྡུར་བྱས་ནས་རྒྱ་ནག་གི་ཁྲོམ་ར་མང་པོ་ཞིག་ཨ་མི་རི་ཀར་སྒོ་འབྱེད་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཅོག་རྒྱུ་མིན་པ། ཨ་མི་རི་ཀའི་རིག་དངོས་བདག་དབང་རྒྱ་ནག་གིས་སྲུང་སྐྱོབ་བྱ་རྒྱུ། ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་མི་ཆོག་པ་དང་གྲོས་མཐུན་གྱི་འབྲུ་དོན་ཁག་རྒྱ་ནག་གི་ཚོང་ལས་བཅའ་ཁྲིམས་སུ་འགོད་དགོས་པའི་ཆ་རྐྱེན་བཏོན། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་བཏོན་པའི་ཆ་རྐྱེན་ཁག་ལ་མོས་མཐུན་བྱས་མོད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་གློ་བུར་དུ་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་སྒྱུར་བཅོས་གཏོང་དགོས་ཀྱི་འདུག རྒྱ་ནག་གིས་མོས་མཐུན་བྱས་པ་རྣམས་རྒྱལ་ཁབ་ཀྱི་ཚོང་ལས་བཅའ་ཁྲིམས་སུ་འགོད་མི་དགོས་པར་གཞུང་གི་སྒྲིག་གཞི་ལྟར་ཆ་རྐྱེན་དེ་ཚོ་ལག་ལེན་བསྟར་ཆོག་ཅེས་འགྲེལ་བཤད་བརྒྱབ། དེར་བརྟེན་པེ་ཅིང་དང་ཝ་ཤིང་ཊོན་གྱི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་ལན་མང་བྱས་པ་དེར་འགོག་རྐྱེན་གསར་པ་ཞིག་འཕྲད།།

རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་མིག་སྔའི་གནས་སྟངས་འོག་ཏུ་སྒོ་ཁྲལ་སྤར་ནས་འགལ་ཟླ་སེལ་མི་ཐུབ། ང་ཚོས་ཕན་ཚུན་རྒྱུ་མཚན་དང་གནས་ལུགས་ལྡན་པའི་གྲོས་བསྡུར་བྱས་ནས་འགལ་ཟླ་ཐག་གཅོད་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། གཟའ་ཕུར་བུའི་ཉིན་ཚོང་དོན་གྲོས་མོལ་འགོ་མ་བཙུགས་གོང་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རེ་ལྟོས་ཅན་གྱི་འཕྲིན་ཡིག་ཅིག་བསྐུར་འདུག ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་ཞིག་འཇོག་ཐུབ་པའི་ལྟ་ཚུལ་གླེང་ཡོད་པ་དང་ང་ཚོས་ཀྱང་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་འཆང་ཡོད། ཡིན་ནའང་ཚོང་དོན་གྲོས་མོལ་འདིར་གྲུབ་འབྲས་ཅི་ཞིག་ཐོན་རྒྱུ་ཡིན་མིན་ནི་ཚོད་དཔག་མི་ཐུབ་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་བཏོན་པའི་ཆ་རྐྱེན་ཁག་ལ་རྒྱ་ནག་གིས་མོས་མཐུན་མ་བྱས་ཚེ། ཨ་མི་རི་ཀས་ད་དུང་ཡང་རྒྱ་ནག་གི་དངོས་ཟོག་ཁག་ལ་ཨ་སྒོར་ཐེར་འབུམ་༣༢༥་སྒོ་ཁྲལ་སྤར་སྲིད་ཅེས་ཉེན་བརྡ་བཏང་འདུག མུ་ཌི་མ་རྩ་འཛུགས་འཇོག་ཁང་གི་ཉམས་ཞིབ་པ་ཊེ་ལར་གྱིས་ང་ཚོར་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་ཡིད་ཆེས་ཡོད། ཡིན་ནའང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཐའ་གཅིག་ཏུ་འགག་སྲིད་པའི་ཉེན་ཀའང་ཇེ་ཆེར་ཕྱིན་འདུག་ཅེས་བཤད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཐག་གཅོད་འདིས་ཨ་རིའི་རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་བྱིས་པའི་རྩེད་སྤྱད། ལྷམ་དང་གྱོན་གོས་སོགས་ཀྱི་རིན་གོང་འཕར་རྒྱུ་ཡིན་པ་དང་། ཨ་མི་རི་ཀའི་ཞིང་པ་ཚོས་རྒྱ་ནག་ལ་འབྲུ་རིགས་ཏུན་ས་ཡ་མང་པོ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་གིས་སྒོ་ཁྲལ་སྤར་ནས་ཚོང་ལས་ཉུང་དུ་འགྲོ་སྲིད། ཨ་རི་དང་རྒྱ་ནག་གི་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་པར་ཀར་གྱིས་སྒོ་ཁྲལ་སྤར་པ་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཁོ་པས་སྒོ་ཁྲལ་འདིས་ཨ་མི་རི་ཀའི་ཚོང་ལས་ཆུང་ཁག་དང་ཞིང་པ། ཨ་མི་རི་ཀའི་དངོས་ཟོག་ལོངས་སྤྱོད་པ་མི་དམངས་དཀྱུས་མ་ཚོར་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་འགྲན་རྩོད་པ་ཇེ་མང་དང་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་དངོས་ཟོག་མཁོ་འགྲེམ་གྱི་མ་ལག་བརྟན་པོ་ཚུགས་ཡོད་པ་སྲ་བརྟན་མེད་པར་འགྱུར་སྲིད། འདི་ནི་ཨ་མི་རི་ཀའི་དངོས་ཟོག་ལོངས་སྤྱོད་པ་ཚོར་དཔྱ་ཁྲལ་འཕར་མ་བརྒྱབ་པ་དང་གཅིག་མཚུངས་རེད་ཅེས་བཤད། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་མང་པོ་ཞིག་གིས་རྒྱ་ནག་གི་ས་ཐོག་ཏུ་བཟོ་གྲྭ་བཙུགས་ནས་དངོས་ཟོག་བཟོ་འདོན་བྱེད་ཀྱི་ཡོད་པ་དང་། དེ་ནས་ཨ་མི་རི་ཀ་དང་འཛམ་གླིང་ཁྱོན་ཡོངས་ལ་དངོས་ཟོག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG