༄༅།། རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་སྤྱི་ཡོངས་འོས་འདེམས་ལ་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གྱིས་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད། སྲིད་བློན་མོ་དྷིའི་སྲིད་དབང་འགོ་ཚུགས་པའི་དུས་སུ་བལ་ཡུལ་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་བ་དང་། ཡིན་ནའང་སྲིད་བློན་མོ་དྷིའི་ལོ་ལྔའི་སྲིད་དབང་མཇུག་བསྒྲིལ་གྲབས་ཡོད་པའི་མཚམས་འདིར་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་ལོ་ལྔའི་གོང་གི་གནས་ཚད་དེ་ལས་མར་ལྷུང་ཡོད་པ་སྟེ། རྒྱ་གར་དང་བལ་ཡུལ་གཉིས་ཕན་ཚུན་ཡིད་ཆེས་མེད་པ་རང་སོར་གནས་ཡོད་པ་དང་༢༠༡༥་ལོར་བལ་ཡུལ་ལ་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དེའི་ཁོངས་སུ་རྒྱ་གར་གྱི་ཁེ་ཕན་འགོད་ཐུབ་མེད་པ། རྒྱ་གར་གཞུང་གིས་གློ་བུར་དུ་དངུལ་ལོར་གསར་རྙིང་བརྗེ་ནས་བལ་ཡུལ་གྱི་འབྱོར་ལྡན་པ་ཚོས་རྒྱ་གར་གྱི་༥༠༠་ལོར་དང་༡༠༠༠་ལོར་ཉར་འཛིན་བྱས་ཡོད་པ་རྣམས་དུས་ཐོག་ཏུ་བརྗེ་སྒྱུར་མ་ཐུབ་པར་བལ་བོ་ཚོར་གྱོང་གུད་ཆེན་པོ་ཕོག་པ། ༢༠༡༩་ལོར་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་སྲིད་དོན་ཚོགས་པས་སྔར་བཞིན་ཁྱིམ་མཚེས་ཀྱི་མཛའ་འབྲེལ་ཨང་དང་པོར་འཛིན་དགོས་ཞེས་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་མེད་པ། རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་ཇུས་དང་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ཐོན་རུང་རྒྱ་གར་གྱི་སྲིད་དོན་ཚོགས་པ་དེར་ལོ་འདིའི་སྤྱི་ཡོངས་འོས་འདེམས་སྐབས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ངེས་གཏན་མི་འདུག་ཅེས་ཕྱི་འབྲེལ་ཚགས་པར་སྟེང་གནས་ཚུལ་བཀོད་འདུག
སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་རྗེས་སུ་སྲིད་དོན་ཚོགས་པ་གང་ལ་རྒྱལ་ཁ་ཐོབ་ཀྱང་ལྡི་ལི་གསར་པའི་སྲིད་གཞུང་གིས་བལ་ཡུལ་དང་རྒྱ་གར་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་ཁག་སེལ་འདོད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཚེ། ཆོས་ལུགས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། དཔེར་ན་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གསུམ་ཆའི་གཉིས་ཀྱི་རྒྱབ་སྐྱོར་ཡོད་པ་དང་སྲིད་བློན་ཨོ་ལིས་ལོ་༥་ལ་སྲིད་དབང་འཛིན་ཆོག་པས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་མི་དམངས་ཀྱིས་དབང་བསྐུར་ཡོད། དེས་ན་རྒྱ་གར་གྱི་སྲིད་བློན་གསར་པས་བལ་ཡུལ་དང་རྒྱ་གར་གྱི་གྲགས་ཅན་མི་སྣའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྔ་ལོར་སྙན་ཐོ་ཞིག་བཏོན་ཡོད་པ་དེར་ཞིབ་འཇུག་གཟབ་ནན་བྱ་དགོས། ༢༠༡༦་ལོར་ཚུགས་པའི་བལ་ཡུལ་དང་རྒྱ་གར་གྱི་གྲགས་ཅན་མི་སྣའི་མཐུན་ཚོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་ས་དང་ཡར་རྒྱས་འགྲོ་མི་ཐུབ་པའི་འགག་རྩ། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་༢༠༡༨་ལོར་སྙན་ཐོ་ཞིབ་ཕྲ་ཞིག་བཏོན། ཞིབ་འཇུག་སྙན་ཐོ་དེ་རྒྱ་གར་དང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་ལག་ལེན་བསྟར་ཐུབ་པ་ཡིན་ཞེས་ཉམས་ཞིབ་པ་ཚོས་མཐའ་སྡོམ་བརྒྱབ་འདུག
བལ་ཡུལ་དང་རྒྱ་གར་གྱི་གྲགས་ཅན་མི་སྣའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་དེ་༡༩༥༠་ལོར་རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་ཞི་བདེ་དང་མཛའ་འབྲེལ་གྱི་ཆིངས་ཡིག་ཅིག་བཞག་ཡོད་པ་གཞི་རྩར་བཟུང་ཡོད་པ་དང་ཆིངས་ཡིག་འདི་རྒྱ་གར་དང་བལ་ཡུལ་འབྲེལ་བའི་གཞི་རྟེན་ལ་གྱུར་ཡོད། གལ་སྲིད་ཕྱོགས་གཉིས་ཀྱི་གྲགས་ཅན་མི་སྣ་ཚོས་བཏོན་པའི་བསམ་འཆར་རྣམས་རྒྱ་གར་དང་བལ་ཡུལ་གཞུང་གིས་ལག་ལེན་བསྟར་ན་ཕྱོགས་གཉིས་ཀྱི་འབྲེལ་བར་རྩ་བའི་ཆ་ནས་འགྱུར་བ་གཏོང་ཐུབ་ཅེས་བཀོད། སྙན་ཐོ་དེར་རྒྱ་གར་དང་བལ་ཡུལ་གྱི་སྤྱི་དམངས་རྣམས་ས་མཚམས་བརྒལ་ཏེ་ཕར་ཚུར་འགྲིམ་འགྲུལ་བྱེད་པར་ལག་འཁྱེར་འགྲེམ་དགོས་པ་དང་ཕྱོགས་གཉིས་ཀྱི་ས་མཚམས་སུ་རྟོག་ཞིབ་བྱེད་པར་དེང་རབས་ཅན་གྱི་འཕྲུལ་ཆས་འཛུགས་དགོས། ད་ལྟ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སྒོ་འབྱེད་ཡོད་པ་རྣམས་༡༩༥༠་ལོའི་ཆིངས་ཡིག་གི་འབྲུ་དོན་ལྟར་ཡིན་པས་རིམ་བཞིན་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འཛུལ་སྒོ་ཁག་དམ་དུ་གཏོང་རྒྱུ། ད་སྔ་རྒྱ་གར་དང་བལ་ཡུལ་གྱི་སྤྱི་དམངས་རྣམས་ཕར་ཚུར་འགྲིམ་འགྲུལ་བྱེད་པར་ལག་འཁྱེར་སྟོན་དགོས་པ་དང་ཐོངས་ཆན་ཞུ་དགོས་ཀྱི་མེད་པ་རེད། བལ་ཡུལ་གཞུང་ལ་དམག་དོན་ཡོ་བྱད་རྣམས་རྒྱལ་ཁབ་གསུམ་པ་ཞིག་ནས་རང་དབང་གི་སྒོ་ནས་ནང་འདྲེན་བྱེད་ཆོག་པ་༡༩༥༠་ཐམ་པ་ལོའི་ཆིངས་ཡིག་གི་དོན་ཚན་ལྔ་པར་འཁོད། བལ་ཡུལ་གྱིས་རྒྱལ་ཁབ་གསུམ་པ་ཞིག་ནས་དམག་དོན་ཡོ་བྱད་ནང་འདྲེན་བྱེད་ཆོག་ཅེས་བཀོད་ཀྱང་དོན་དངོས་ཀྱི་ལག་ལེན་ཐོག་ཏུ་རྒྱ་གར་གྱིས་རྟག་ཏུ་བལ་ཡུལ་རྒྱལ་ཁམས་གསུམ་པ་ཞིག་ནས་དམག་དོན་ཡོ་བྱད་ནང་འདྲེན་བྱེད་དུ་འཇུག་དཀའ། ཆིངས་ཡིག་དེའི་འགོད་ཚན་གཉིས་པས་བལ་ཡུལ་གྱི་དམག་དོན་ལ་མཁོ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་དམག་དོན་ཡོ་བྱད་རྣམས་རྒྱ་གར་གྱི་ས་ཐོག་ཏུ་བརྒྱུད་ནས་ནང་འདྲེན་བྱེད་ཆོག་ཀྱང་དེ་ལ་རྒྱ་གར་གྱིས་ངེས་པར་དུ་མོས་མཐུན་དང་རོགས་སྐྱོར་བྱས་ནས་ནང་འདྲེན་བྱ་དགོས་ཞེས་བཀོད།།
བལ་ཡུལ་དང་རྒྱ་གར་གྱི་གྲགས་ཅན་མི་སྣའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་བལ་ཡུལ་ལ་རང་དབང་ལྡན་པའི་སྒོ་ནས་དམག་དོན་ཡོ་བྱད་རྒྱལ་ཁབ་གསུམ་པ་ཞིག་ནས་ནང་འདྲེན་བྱེད་ཆོག་པའི་རང་དབང་སྤྲོད་དགོས། བལ་ཡུལ་གྱིས་རྒྱ་གར་ལ་རྒྱལ་ཁབ་གསུམ་པ་ཞིག་ནས་དམག་དོན་ཡོ་བྱད་ནང་འདྲེན་བྱེད་ཀྱི་ཡོད་ཅེས་བརྡ་རྒྱག་དགོས་ཞེས་བསམ་འཆར་བཏོན། ༡༩༨༩་ལོར་བལ་ཡུལ་གྱི་རྒྱལ་པོ་བྷི་རིན་དྷ་རས་རྒྱ་ནག་ནས་དམག་དོན་ཡོ་བྱད་ནང་འདྲེན་བྱས་པར་བལ་ཡུལ་གྱིས་༡༩༥༠་ཐམ་པའི་ལོར་བཞག་པའི་རྒྱ་གར་དང་བལ་ཡུལ་གྱི་ཆིངས་ཡིག་ལ་འགལ་འཛོལ་བྱས་སོང་ཞེས་རྒྱ་གར་གྱིས་བལ་ཡུལ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། བལ་ཡུལ་གཞུང་གིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་ཆུའི་ཐོན་ཁུངས་མཉམ་སྤྱོད་བྱེད་ཕྱོགས་དང་སྐྱེལ་འདྲེན་གྱི་ཆིངས་ཡིག་ཁག་ལ་ལེགས་བཅོས་གཏོང་དགོས་པའི་གྲོས་གཞི་བཏོན་རུང་རྒྱ་གར་གཞུང་གིས་ཆིངས་ཡིག་དེར་འགྱུར་བ་གཏོང་རྒྱུའི་རྣམ་འགྱུར་སྟོན་གྱི་མེད་པ་དང་། བལ་ཡུལ་གཞུང་གིས་འདྲ་མཉམ་མིན་པའི་ཆིངས་མིག་ཁག་ལ་བརྩི་མེད་གཏོང་རྒྱུ་ཡིན་ཞེས་མི་དམངས་ལ་ཁས་ལེན་བྱེད་ཀྱི་ཡོད་ཅིང་། འདས་པའི་ལོ་མང་རིང་རྒྱ་གར་གྱིས་བལ་བོའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་ཕོག་པས་རྒྱ་གར་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཉུང་དུ་བཏང་ཞིང་། དེང་སྐབས་བལ་ཡུལ་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པས་བལ་ཡུལ་གྱི་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གཏམ་བཤད་བྱ་རྒྱུ་དཀོན་པོ་ཡིན། འོན་ཀྱང་བལ་ཡུལ་གྱི་རྩ་ཁྲིམས་ནང་དུ་བལ་ཡུལ་ལྷོ་ཕྱོགས་ཀྱི་མ་དྷེ་སི་མང་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་ཐོབ་ཐང་འགོད་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པར་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོ་དགའ་མོས་མེད། བལ་ཡུལ་ལྷོ་ཕྱོགས་དང་རྒྱ་གར་གྱི་ས་མཚམས་ཁག་གི་མ་དྷེ་སི་མི་མང་ལ་རྒྱ་གར་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ། ད་ལྟ་བལ་ཡུལ་ལྷོ་ཕྱོགས་ཀྱི་མ་དྷེ་སི་མི་མང་གིས་རང་ལ་བལ་ཡུལ་གྱི་རྩ་ཁྲིམས་ནང་དུ་ཐོབ་ཐང་ཆེན་པོ་དགོས་ཡོད་ཅེས་ལས་འགུལ་སྤེལ་གྱི་ཡོད་པས་རྒྱ་གར་གྱི་སྲིད་གཞུང་གསར་པས་བལ་ཡུལ་གྱི་མ་དྷེ་སི་མི་མང་ལ་རྒྱབ་སྐྱོར་ཅི་ཙམ་བྱ་རྒྱུ་ཡིན་མིན། རྒྱ་གར་གྱིས་བལ་ཡུལ་ལ་རྟག་ཏུ་ཚོང་ལས་བཀག་སྡོམ་དང་དངོས་ཟོག་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་ཡིན་མིན་ཐད་དུ་བལ་ཡུལ་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ཅེས་ཕྱི་འབྲེལ་ཚགས་པར་ལ་གནས་ཚུལ་བཀོད་འདུག