ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་རྒྱ་ནག་གི་ཚོང་དོན་དང་སྒོ་ཁྲལ་སྤར་རེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་ལྷག་པའི་སྔ་དྲོར་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཨ་མི་རི་ཀས་དགེ་མཚན་མེད་པའི་ཚོང་ལས་གྲོས་མཐུན་ཞིག་འཇོག་རྒྱུའི་ཚབ་ཏུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ལེགས་ཞེས་སྡིགས་ར་བསྐུལ། ཕྱི་ཟླ་༥་ཚེས་༩་དང་ཚེས་༡༠་གཉིས་ལ་ཝ་ཤིང་ཊོན་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་འཕྲིན་ཐུང་དེ་གཟའ་འཁོར་འདིའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཅི་ཞིག་འབྱུང་རྒྱུ་ཡིན་མིན་གྱི་སྔོན་བརྡ་ཞིག་ཡིན་སྲིད། ད་ལྟ་རྒྱ་ནག་གི་ཚོང་དོན་བློན་ཆེན་གྱིས་ཀྱང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དང་ཨ་རིའི་དངོས་ཟོག་ལ་རྒྱ་ནག་གིས་སྒོ་ཁྲལ་སྤར་ནས་ལན་པ་སློག་རྒྱུ་ཡིན་ཞེས་ལན་བཏབ། ལོ་འདིའི་མགོ་སྟོད་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་སྔོན་ཆད་ཁས་ལེན་བྱས་པའི་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་སྒྱུར་བཅོས་བཏང་བའམ། ཡང་ན་གྲོས་མཐུན་གྱི་ཡིག་ཆ་ཤོག་གྲངས་༡༥༠་ལྷག་ཡོད་པ་དེ་དག་གི་དོན་ཚན་མང་པོ་ཞིག་ནག་སུབ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ནས་གཟའ་ཉི་མ་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱི་ཟླ་༥་པའི་ཚེས་༡༠་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པ་སྒོ་ཁྲལ་སྤར་རྒྱུ་ཡིན། དེང་སྐབས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ལས་སྤར་མེད་པ་བརྒྱ་ཆ་༢༥་ལ་སྤར་རྒྱུ་ཡིན། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་གཞན་པ་ལའང་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༣༢༥་སྤར་སྲིད་ཅེས་ཉེན་བརྡ་བཏང་སྟེ་འདས་པའི་ཟླ་བ་མང་པོར་རྒྱ་ནག་དང་ཨ་མི་རི་ཀས་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་བྱས་པ་དེར་གྲུབ་འབྲས་ཐོན་མེད་པའི་རྟགས་མཚན་ཞིག་ཐོན། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་གཏོར་བརླག་བྱེད་མཁན་རྒྱ་ནག་རེད། ཁོ་ཚོས་གྲོས་མཐུན་ལ་བརྩི་མེད་བཏང་ཡོད་པས་དེའི་མཇུག་འབྲས་ཀྱང་རྒྱ་ནག་གིས་མྱོང་དགོས། གལ་སྲིད་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་ཞིག་འཇོག་མ་ཐུབ་ཚེ། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ལོ་ལྟར་ཨ་སྒོར་ཁྲག་ཁྲིག་གཅིག་རེ་སྒོ་ཁྲལ་སྤར་རྒྱུ་འོས་ཤིང་འཚམས་པ་ཞིག་རེད་ཅེས་ཧྥུ་ལོ་རི་ཌི་མངའ་སྡེར་འོས་འདེམས་ལས་འགུལ་ཞིག་སྤེལ་བའི་སྐབས་སུ་ཁྱབ་བསྒྲགས་བྱས་འདུག

ཐེངས་འདིར་ཝ་ཤིང་ཊོན་ལ་ཕེབས་ཀྱི་ཡོད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པའི་ཁོངས་སུ་སྲིད་བློན་གཞོན་པ་ལིའུ་ཧེ་ཡོད་པ་དང་ཁོ་པ་སྲིད་འཛིན་ཞིས་ཅིན་ཕིང་གི་མཐོ་རིམ་དཔལ་འབྱོར་སློབ་སྟོན་པ་དང་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པས་ཉམས་ཞིབ་པ་མང་པོ་ཞིག་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་དེ་ཉིད་མཐའ་གཅིག་ཏུ་འགགས་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་སྔོན་ཆད་མོས་མཐུན་བྱས་ཟིན་པའི་ཚོང་དོན་གྲོས་མོལ་དེའི་འབྲུ་དོན་ཁག་ལ་སྒྱུར་བཅོས་གཏོང་བ་དང་ནག་སུབ་བྱེད་ཀྱིན་འདུག འདི་ནི་རྒྱ་ནག་ལ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱ་འདོད་མེད་པའི་རྟགས་མཚན་ཡིན་པ་ཚོན་ཐུབ། ཁོ་ཚོས་༢༠༢༠་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འཇོན་ཐང་མེད་པ་ཇཱོ་བྷ་ཡེ་ཊན་ལྟ་བུ་ཞིག་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཚོང་དམག་འདི་མཇུག་བསྒྲིལ་ཐུབ། དེ་ནས་རྒྱ་ནག་གིས་ལོ་མང་རིང་ཕྱོགས་གཉིས་ཀྱི་ཚོང་ལས་ཐོག་ཏུ་ཨ་སྒོར་ཁྲག་ཁྲིག་༥་རེ་ལོ་ལྟར་ཁེ་སང་ལེན་ཐུབ་རྒྱུའི་རྩིས་རྒྱག་གི་འདུག ང་ལ་གཟའ་པ་སངས་ཉིན་ནས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་སྒོ་ཁྲལ་སྤར་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད། ཨ་རིའི་སྲིད་འཛིན་ཟུར་པ་གསུམ་གྱིས་ལོ་༢༤་རིང་དུ་རྒྱ་ནག་ལ་ཚོང་ལས་ཐོག་ཏུ་མཁྲེགས་པོ་བྱས་མྱོང་མེད་པ་ཞིག་ཌོ་ནལ་ཊམ་གྱིས་ལག་ལེན་བསྟར་གྱི་ཡོད་པ་རེད།།

རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོལ་མོལ་གྱི་འགག་རྩ་ནི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་ཁག་སྒོ་འབྱེད་བྱ་དགོས་པ་དང་རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤར་གཅོག་བྱེད་མི་ཆོག ཨ་རིའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་དགོས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་ཚན་རིག་དང་འཕྲུག་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་མི་ཆོག་པ་དང་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་སློབ་མི་དགོས། ཨ་མི་རི་ཀས་བཏོན་པའི་ཆ་རྐྱེན་རྣམས་རྒྱ་ནག་གི་ཚོང་ལས་བཅའ་ཁྲིམས་སུ་འགོད་དགོས་ཞེས་གྲོས་མཐུན་གྱི་མ་ཟིན་དེར་བཀོད། རྒྱ་ནག་གཞུང་གིས་ཀྱང་གྲོས་མཐུན་དེའི་འབྲུ་དོན་ཁག་ལ་མོས་མཐུན་བྱས་ནས་མིང་རྟགས་འགོད་གྲབས་ཡོད་ཀྱང་བདུན་ཕྲག་སྔོན་མར་རྒྱ་ནག་གིས་གློ་བུར་དུ་གྲོས་མཐུན་དེའི་འབྲུ་དོན་ཁག་ལ་སྒྱུར་བཅོས་གཏོང་དགོས། ཨ་མི་རི་ཀས་བཏོན་པའི་ཆ་རྐྱེན་རྣམས་རྒྱ་ནག་གི་ཚོང་ལས་བཅའ་ཁྲིམས་སུ་བསྒྱུར་མི་དགོས་པར་གཞུང་གི་སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ་ཡིན་ཞེས་དགོས་འདུན་བཏོན་ནས་ཕྱོགས་གཉིས་ཀྱི་གྲོས་མཐུན་དེར་འགོག་རྐྱེན་གསར་པ་ཞིག་འཕྲད། སང་ཉིན་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་འགོ་ཁྲིད་པའི་ཚོང་དོན་སྐུ་ཚབ་ཚོགས་པས་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་།།

སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་གཟའ་འཁོར་འདིར་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་སོགས་ཝ་ཤིང་ཊོན་ལ་ཚོང་དོན་གྲོས་མོལ་བྱེད་དུ་ཕེབས་ཡོད་པ་ནི་གྲོས་མཐུན་ཞིག་འཇོག་ཐབས་བྱེད་པའི་ཆེད་དུ་མིན་ཞིང་། ཁོ་པས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་བསྐྱར་དུ་ལངས་ན་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ཁག་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ལྟ་ཚུལ་ཅི་ཞིག་ཡོད་མེད། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་ཚོང་དམག་ལ་ལྟ་ཚུལ་ཅི་ཞིག་བཟུང་ཡོད་མེད་བཅས་ཀྱི་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལོ་རྗེས་མར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་ཌོ་ནལ་ཊམ་གྱིས་རང་ལ་བསྐྱར་དུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་པའི་ཆེད་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་གྱི་འགལ་རྐྱེན་ཆེ་རུ་གཏོང་མི་ཕོད། ལྷག་པར་དུ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཀུ་ཅོ་སྒྲོགས་ཀྱི་ཡོད་པ་སྡིགས་ཙམ་ཡིན། རྒྱ་ནག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་མཁན་ཨ་མི་རི་ཀའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལ་སྒོ་ཁྲལ་སྤར་ནས་ཚོང་ལས་ཀྱི་གྱོང་གུད་འཕོག་ཏུ་འཇུག་དགོས། དེ་ལྟར་བྱས་ན་ཨ་རིའི་རྒྱལ་ནང་དུ་ཌོ་ནལ་ཊམ་ལ་གནོན་ཤུགས་ཐེབས་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་མི་ཐུབ། དེར་བརྟེན་རྒྱ་ནག་གིས་རང་ལ་ཁེ་ཕན་མེད་པའི་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དགོས་དོན་མི་འདུག་སྙམ་པའི་ཁོག་རྩིས་རྒྱག་གི་འདུག་ཅེས་ཉམས་ཞིབ་པ་མང་པོ་ཞིག་གིས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG