ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྩི་ཤིང་དང་སྲོག་ཆགས་ས་ཡ་༡་རྩ་སྟོང་འགྲོ་ཉེན།


༄༅།།འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཕྱིའི་འཇིག་རྟེན་གྱི་ཁམས་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཀ་འདུག་ཅེས་ཚན་རིག་པ་ཚོས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཕྱི་ཟླ་༥་པའི་ཚེས་༦་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲེམ་སྤེལ་བྱས་འདུག འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱིའི་འཇིག་རྟེན་གྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལ་ཞིབ་འཇུག་བྱས་ནས་བཏོན་པའི་སྙན་ཐོ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས་སའི་གོ་ལའི་སྟེང་གི་སྐྱེ་འགྲོ་ཐམས་ཅད་འཚོ་གནས་ཐུབ་མིན་ལ་ཉེན་ཀ་ཆེན་པོ་ཡོད་པའི་སྙན་ཐོ་ཞིག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་འདིར་མ་འོངས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་ནང་དུ་འཛམ་གླིང་འདིའི་རྩི་ཤིང་དང་སྲོག་ཆགས་ས་ཡ་༡་ཙམ་རྩ་སྟོང་འགྲོ་རྒྱུའི་ཉེན་ཀ་འདུག་ཅེས་བཀོད།།

རྒྱལ་ཚོགས་ཀྱི་སྙན་ཐོ་འབྲི་མཁན་ཚན་རིག་པ་ཚོས་རྩི་ཤིང་དང་སྲོག་ཆགས་ས་ཡ་༡་ཙམ་རྩ་སྟོང་འགྲོ་དགོས་པའི་ལན་ཁག་མཐའ་དག་འགྲོ་བ་མི་ལ་ཐུག་ཡོད་པས་འགྲོ་བ་མིའི་འཚོ་བའི་གོམས་སྲོལ་ལ་འགྱུར་བ་བཏང་ན་རྩི་ཤིང་དང་སྲོག་ཆགས་དེ་རྣམས་མྱུར་སྐྱོབ་ཐུབ་པའི་རེ་བ་མེད་པ་ཞིག་མིན་ཞེས་བསྟན། སྐམ་སར་གནས་པའི་སྲོག་ཆགས་ཀྱི་ཉེ་རིགས་ཁག་ཅིག་ནི་ཉེ་རིགས་གཞན་ལས་ཀྱང་རྩ་སྟོང་འགྲོ་རྒྱུའི་ཉེན་ཀ་ཆེ་བ་དང་མགྱོགས་ཚད་མྱུར་བ་ཡོད་པ་ར་སྤྲོད་ཐུབ། དེའི་རྒྱུ་རྐྱེན་གཙོ་བོ་ནི་འགྲོ་བ་མིས་ཚད་འཛིན་མེད་པའི་འཛུགས་སྐྲུན་གྱི་བྱ་གཞག་ཆེན་པོ་གཉེར་བཞིན་ཡོད་པའི་སྟབས་ཀྱིས་སྲོག་ཆགས་དང་རྩི་ཤིང་དེ་ཚོར་ཡུན་རིང་གི་འཚོ་གནས་ཁོར་ཡུག་མེད་པ་དང་སྲོག་ཆགས་དང་རྩི་ཤིང་དེ་རྣམས་ལོ་བཅུ་ཕྲག་འགའ་ཞིག་གི་ནང་དུ་རྩ་སྟོང་འགྲོ་རྒྱུའི་ཉེན་ཀ་འདུག གལ་སྲིད་འགྲོ་བ་མིའི་རིགས་ཀྱི་བྱ་གཞག་ལ་ཚོད་འཛིན་བྱས་ནས་ཁོར་ཡུག་དེར་སྲུང་སྐྱོབ་ཐུབ་ན་སའི་གོ་ལའི་སྟེང་གི་རྩི་ཤིང་དང་སྲོག་ཆགས་དེ་རྣམས་སྐྱོབ་ཐུབ། ད་ལྟ་སྔོན་ཆད་དང་མ་འདྲ་བར་རྩི་ཤིང་དང་སྲོག་ཆགས་དེ་རྣམས་རྩ་སྟོང་འགྲོ་བའི་མྱུར་ཚད་ནི་བཅུ་འགྱུར་དང་བརྒྱ་འགྱུར་གྱི་མགྱོགས་པ་འདུག་ཅེས་བསྟན།།

འཇིག་རྟེན་འདིའི་སྲོག་ཆགས་མང་པོ་ཆུ་དང་རྒྱ་མཚོའི་ནང་དུ་འཚོ་གནས་བྱེད་ཀྱི་ཡོད་ཀྱང་འགྲོ་བ་མིས་གཙང་པོ་དང་མཚོ། མཐའ་ཡས་རྒྱ་མཚོ་རྣམས་འབག་བཙོག་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་འགྲོ་བ་མི་རང་ཉིད་ཀྱི་མདུན་ལམ་མེད་པར་གཏོང་གི་ཡོད་པ་དང་སྲོག་ལྡན་གྱི་གོ་ལ་འདི་ཡུན་རིང་འཚོ་གནས་མི་ཐུབ་པ་ཞིག་ལ་སྒྱུར་གྱིན་འདུག་ཅེས་སྙན་ཐོ་དེར་བཀོད། ཨ་རིའི་འཇོར་ཇཱི་མེ་སེན་སློབ་གྲྭ་ཆེན་མོའི་སྐྱེ་དངོས་ཚན་རིག་པ་སློབ་དཔོན་ཐོ་མ་སི་ལོབ་ཇཱོ་ཡི་ནི་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་འདིའི་ཡབ་ཆེན་དུ་གྲགས། ཁོང་གིས་སའི་གོ་ལའི་སྟེང་དུ་སྐྱེ་དངོས་སྣ་འདུས་ཤིག་ཡོད་པ་དེར་གནོད་སྐྱོན་ཆེན་པོ་ཞིག་ཕོག་ཟིན་ཡོད་པ་དང་ང་ཚོར་སའི་གོ་ལ་འདི་སྐྱོབ་ཐབས་ཀྱི་མཐའ་མའི་གོ་སྐབས་ཤིག་ལས་མི་འདུག་ཅེས་བཤད། འཛམ་གླིང་རྒྱལ་ཁབ་ཁག་གི་ཚན་རིག་པ་དང་ཉམས་ཞིབ་པ་༤༥༠་ལྷག་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་འདུས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་འདི་ཕྱོགས་བསྒྲིགས་བྱས་ཡོད་ཅིང་། སྙན་ཐོ་འདིར་ཁྱོན་བསྡོམས་ཤོག་གྲངས་༡༠༠༠་ཡོད་པར་མ་ཟད། སྙན་ཐོ་འདིར་སྲིད་གཞུང་ཁག་གི་ཚན་རིག་ཞིབ་འཇུག་དང་དངོས་ཁམས་ཞིབ་འཇུག སྐྱེ་ཁམས་དོ་མཉམ་ཞིབ་འཇུག སྲིད་གཞུང་ཁག་གི་ཞིབ་འཇུག་སྙན་ཐོ་ཁག་བཅས་ཁྱོན་བསྡོམས་ཞིབ་འཇུག་ཡིག་ཆ་རྣམ་གྲངས་༡༥༠༠༠་ལྷག་འདུས། རྒྱལ་ཁབ་༡༠༩་ཡས་མས་ཤིག་གིས་ཚན་རིག་པའི་ཞིབ་འཇུག་སྙན་ཐོ་འདིར་མོས་མཐུན་བྱས་ནས་ལག་ལེན་བསྟར་སྲིད།།

ཨ་མི་རི་ཀའི་ཌོ་ནལ་ཊམ་གྱི་སྲིད་གཞུང་ལྟ་བུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་འདིར་དོགས་ཟོན་བྱས་ནས་རྗོད་ཚིག་ཁག་ཐལ་ཆ་ཆེ་དྲགས་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་མཚོ་གླིང་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པར་བཀག་འགོག་ཤུགས་ཆེ་ཙམ་བྱ་དགོས་ཀྱི་འདུག འཛམ་གླིང་གི་འཁྱག་རོམ་རྣམས་ཞུ་ཡི་ཡོད་པས་མཚོ་གླིང་རྒྱལ་ཁབ་ཁག་མཚོ་ནང་དུ་འཐིམ་གྱི་འདུག་ཅེས་བཤད། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁང་གི་ཚན་རིག་པ་རེ་བྷེ་ཁ་ཤའོ་ཡིས་ང་ཚོ་དཀའ་ངལ་ནང་དུ་ཚུད་ཟིན་འདུག ད་ཐེངས་ཀྱི་སྙན་ཐོ་འདི་འཛམ་གླིང་གི་ཚན་རིག་པ་ཚོས་སྔོན་ཆད་འབོད་སྐུལ་ཞུས་མྱོང་མེད་པའི་འབོད་སྐུལ་ཞིག་རེད། སྙན་ཐོ་དེར་འཁོད་དོན་རྣམས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་ཙམ་མིན་པར་འགྲོ་བ་མི་རྣམས་སྔར་བཞིན་འཛམ་གླིང་འདིར་འཚོ་གནས་བྱེད་ཐུབ་རྒྱུ་ཡིན་མིན་གྱི་འགག་རྩར་ཐུག་འདུག དཔེར་ན་ཐན་པ་དང་ཆུ་ལོག ས་གཞི་མཚོ་ཐིམ། མི་འབོར་འཕེལ་རྒྱས་བཅས་ཀྱིས་འགྲོ་བ་མི་ལ་སྔར་ལྟར་ཟས་རིགས་མཁོ་སྒྲུབ་མི་ཐུབ་པ་དང་འཐུང་ཆུ་གཙང་མ་མེད་པ། འགྲོ་བ་མིའི་འཕྲོད་བསྟེན་ལ་བདེ་འཇགས་མེད་པ་དང་འགྲོ་བ་མིའི་སྤྱི་ཚོགས་ཧྲིལ་པོ་གསོན་གནས་ཐུབ་མིན་གྱི་འགག་རྩ་དེར་ཐུག་འདུག་ཅེས་བཤད་དོ།།

XS
SM
MD
LG