ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཊེ་རི་གོ་དང་ཌོ་ནལ་ཊམ་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཐེ་ཝན་གྱི་འབྱོར་ལྡན་པ་ཊེ་རི་གོ་ཡིས་ལོ་རྗེས་མར་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ནས་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུ་ཡིན་ཞེས་བསྒྲགས། ཁོང་གིས་ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་ཀྱིས་ཁོ་པ་ཐེ་ཝན་གྱི་སྲིད་འཛིན་འོས་མིར་ལང་གི་ཡོད་པར་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས། སྲིད་འཛིན་གྱི་ལས་ཀ་དེ་ཧ་ཅང་གི་དཀའ་ལས་ཁག་པོ་ཞིག་རེད་ཅེས་ཌོ་ནལ་ཊམ་གྱིས་ལན་བཏབ་པའི་གནས་ཚུལ་ཐོན་འདུག

ཊེ་རེ་གོ་ཡིས་སྲིད་འཛིན་ཌོ་ནལ་ཊམ་ལ་ང་དཀའ་རྙོག་སློང་མཁན་ཞིག་མིན་པར་ཞི་བདེ་སྐྲུན་མཁན་ཞིག་ཡིན། ང་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱ་དགོས། གལ་སྲིད་ང་འདེམས་ཐོན་བྱུང་ན་ཝ་ཤིང་ཊོན་ལ་ཡོང་ཆོག་པའི་རེ་བ་ཞུ་རྒྱུ་ཡིན། གལ་སྲིད་ང་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་མ་ཐུབ་ན་དེའི་ལན་ཁག་རྒྱ་ནག་ལ་ཡོད། ངས་རྒྱ་ནག་ལ་ཀྲུང་ཧྭ་མིན་གོ་ཞེས་པ་ཞིག་དངོས་སུ་ཡོད་པར་རྒྱ་ནག་གིས་ཁས་ལེན་བྱ་དགོས། རྒྱ་ནག་གིས་ཐེ་ཝན་འཚོ་གནས་བྱེད་དུ་འཇུག་དགོས་ཞེས་ནན་བརྗོད་བྱ་འཆར་ཡོད་པ་སོགས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་བཀའ་མོལ་གནང་བ་རྣམས་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་འགྲེམ་སྤེལ་བྱས་འདུག ཊེ་རི་གོ་ཡིས་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་ལང་གི་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་ཊེ་རི་གོ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་འཆར་ཡོད་མེད་ངེས་གཏན་མེད་ཅིང་། གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོས་ཐེ་ཝན་ལྷོ་ཕྱོགས་ཀྱི་གོའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་གོ་ཡུའི་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་ལང་རྒྱུའི་རེ་བ་འཆང་ཡོད་པ་རེད།

སང་ཉིན་གཟའ་པ་སངས་ཉིན་ཊེ་རི་གོ་ཨ་རིའི་ཝི་སི་ཀོན་སན་མངའ་སྡེར་ཕེབས་རྒྱུ་དང་མངའ་སྡེ་དེར་ཊེ་རི་གོ་ཡིས་ཨ་སྒོར་དུང་ཕྱུར་༡༠༠་མ་རྩ་བཙུགས་ནས་འབྲོག་ལས་ཐོན་སྐྱེད་ཀྱི་ཚོང་ལས་གཉེར་འཆར་ཡོད་པར་མ་ཟད། ཁོང་གིས་ངོ་མར་ཨ་སྒོར་དུང་ཕྱུར་༡༠༠་མ་རྩ་བཙུགས་ནས་ཚོང་ལས་གཉེར་ན་ཨ་མི་རི་ཀ་བ་༡༣༠༠༠་ཙམ་ལ་ལས་ཀ་གོ་སྒྲིག་བྱེད་ཐུབ། ལོ་གཉིས་ཀྱི་གོང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དངོས་སུ་ཊེ་རི་གོ་ཡིས་འཛུགས་འཆར་ཡོད་པའི་བཟོ་གྲྭ་དེའི་རྨང་གཞི་བསྐོས། ཌོ་ནལ་ཊམ་གྱིས་འདི་ནི་ཨ་མི་རི་ཀའི་ལས་མི་ཚོར་རླབས་ཆེན་གྱི་ཉིན་མོ་ཞིག་ཡིན་ཞེས་བསྒྲགས། དེའི་རྗེས་སུ་ཐེ་ཝན་གྱི་ཧྥོཀ་སི་ཀོན་བཟོ་ཚོང་ཁང་གིས་བཟོ་གྲྭ་འཛུགས་རྒྱུ་ནར་འགྱངས་བཏང་ཞིང་། སྐབས་ཤིག་ཊེ་རི་གོ་ཡིས་བཟོ་གྲྭའི་རྒྱ་ཁྱོན་ཆུང་དུ་གཏོང་རྒྱུ་ཡིན་ཞེས་གླེང་། ཟླ་བ་སྔོན་མར་ཝི་སི་ཀོན་སན་མངའ་སྡེའི་སྤྱི་ཁྱབ་ཀྱིས་ཐེ་ཝན་གྱི་འབྱོར་ལྡན་པ་དེས་བཟོ་གྲྭ་བཙུགས་ཀྱང་མི་༡༣༠༠༠་ཙམ་ལ་ལས་ཀ་སྤྲོད་ཐུབ་རྒྱུ་ཁག་པོ་རེད་ཅེས་དོགས་སློང་བྱས་འདུག

ཊེ་རི་གོ་ཡིས་བདུན་ཕྲག་གཉིས་ཀྱི་སྔོན་དེར་སྲིད་འཛིན་འོས་མིར་ལངས་ནས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་ཁ་གཏད་གཅོག་རྒྱུ་ཡིན། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཚོང་དོན་གྲོས་མོལ་འགྲིག་འཇགས་བྱུང་རུང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་ཅ་ལག་ཁག་ཅིག་རྒྱ་ནག་གི་ས་ཐོག་ཏུ་བཟོ་སྐྲུན་བྱ་རྒྱུ་མཚམས་འཇོག་བྱ་སྲིད། དེར་བརྟེན་ཐེ་ཝན་གྱི་མཐུན་རྐྱེན་དང་རིག་དངོས་བདག་དབང་ལ་སྲུང་སྐྱོབ་ཡོད་པ། ཐེ་ཝན་གྱི་བཟོ་གྲྭ་ཁག་ཨ་མི་རི་ཀའི་ཐོན་སྐྱེད་རྣམས་བཟོ་འདོན་བྱ་ཡུལ་ལ་གྲ་སྒྲིག་ཡོད་ཅེས་བཤད།

ལོ་རྗེས་མའི་སྲིད་འཛིན་འོས་འདེམས་ལ་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་དང་སྐྱེ་བོ་སྒེར་པ་མང་པོ་ཞིག་ལང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་ཁོངས་སུ་སྲིད་འཛིན་ཚེ་དབྱིན་ཝེན་དང་ལེ་ཆིང་ཏེ་གཉིས་སྲིད་འཛིན་འོས་མིར་ལང་གི་ཡོད་པར་མ་ཟད། ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁེ་ཝན་ཀྲེ་དང་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་སོགས་ཀྱང་གོ་མིན་ཏང་གི་སྲིད་འཛིན་འོས་མིའམ། ཡང་ན་ཁོ་ཚོ་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མ་ཞུགས་པར་ཐེ་ཝན་གྱི་སྲིད་འཛིན་འོས་མིར་ལང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG