ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལོ་རེའི་སྤྱི་ཟླ་༤་པའི་ཚེས་༣༠་ཉིན་ནི་ཡོངས་གྲགས་སུ་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་རིང་བོད་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ སྒེར་གྱི་ཚོགས་པ་ཁག་དང་དེ་བཞིན་མི་སྒེར་པ་བཅས་ཀྱིས་སྐབས་གསུམ་པའི་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩི་ཞུས་འདུག

མི་སྒེར་པའི་སྐད་འཕྲིན་གྱི་བརྒྱུད་ལམ་སོགས་སུ་གནས་ཚུལ་འཁོད་པ་ལྟར་ན་ཁ་སང་སྤྱི་ཟླ་༤་ཚེས་༢༩་ཉིན་ལྷ་སར་བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་སོགས་ཀྱིས་འགོ་ཁྲིད་ནས་ལྷ་སའི་གཙུག་ལག་ཁང་དུ་༢༠༡༩་ལོའི་དགེ་འདུན་པའི་ཡིག་གཟུགས་འགྲེམ་སྟོན་མཛད་སྒོ་ཞེས་པ་ཞིག་ཚོགས། ཚོགས་འདུའི་ཐོག་ཏུ་གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ཀྱིས་ལག་བྲིས་ཡིག་གཟུགས་ཀྱི་བརྩམས་ཆོས་མི་འདྲ་བ་༡༠༠་ལྷག་འགྲེམ་སྟོན་བྱས་འདུག

གཞན་ཡང་བོད་མགོ་ལོག་ར་རྒྱ་དགོན་དུ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཁང་གིས་དབུ་ཁྲིད་ཀྱིས་སློབ་ཕྲུག་ཚོས་བོད་ཀྱི་ཡིག་གཟུགས་རིག་གནས་ལ་དོ་སྣང་དང་ཡིག་གཟུགས་འབྲི་སྦྱོང་གི་རིག་གནས་འདི་ཉིད་གལ་ཆེན་པོ་ཡིན་པའི་ངོས་ཟིན་འཐོབ་པར་ཡིག་གཟུགས་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རྣམས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གསར་འགྱུར་ཞེས་པའི་འཕྲིན་སྟེགས་སུ་འཁོད་འདུག

ཡུལ་ཤུལ་ཁུལ་ཐོག་ཏུ་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས། ཚོགས་འདུ་དེར་དགོན་པའི་གྲྭ་བ་དང་སློབ་གྲྭའི་སློབ་མ་སོགས་མི་མང་པོ་མཉམ་ཞུགས་བྱས་འདུག་པ་དང་ཚོགས་འདུའི་འཕྲེད་དར་གྱི་སྟེང་དུ་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་ཡུལ་ཤུལ་ཁུལ་ཐོག་ཏུ་ཚོགས་པའི་ཡིག་གཟུགས་འགྲེམ་སྟོན་མཛད་སྒོ་ཞེས་བཀོད། གཞན་ཡང་བོད་ནང་གི་རྔ་པ་ཀིརྟི་དགོན་པའི་སྔོན་འགྲོའི་སློབ་གླིང་དང་མཛོད་དགེ་སྒར་གསར་ནང་བསྟན་རིག་གནས་འཛིན་གྲྭ རྒན་གྱའི་བྲག་དཀར་དགོན་སོགས་དགོན་སྡེ་ཁག་ཅིག་དང་ངམ་རིང་སློབ་འབྲིང་། རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་སོགས་སློབ་གྲྭ་ཁག་དང་ཧི་མ་ལ་ཡ་རིག་མཛོད་ཁང་སོགས་སྒེར་གྱི་རིག་གཞུང་དོན་གཉེར་ཚོགས་པ་ཁག་བཅས་ཀྱིས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་སོགས་བྱས་ནས་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་འདིར་སྲུང་བརྩི་བྱས་འདུག

སྐད་འཕྲིན་གཙོས་དྲྭ་རྒྱའི་བརྒྱུད་ལམ་གང་སར་བོད་པ་སྒེར་པ་མང་པོ་ཞིག་གིས་ཀྱང་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་འདིར་སོ་སོའི་བུ་ཕྲུག་ལ་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་འབྲི་སྦྱོང་བྱེད་དུ་འཇུག་པ་དང་སྒེར་པ་ཚོས་ཡིག་གཟུགས་སྣ་ཚོགས་བྲིས་ཏེ་དྲྭ་ལམ་དུ་འགྲེམ་བཞིན་པ་སོགས་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་ཐེངས་༣་པ་དེ་སྲུང་བརྩི་རྒྱ་ཆེན་བྱུང་འདུག

བོད་ཀྱི་ཡིག་གཟུགས་ཉིན་མོ་འདི་ནི་སྤྱི་ལོ་༢༠༡༧་ལོར་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དུ་ཚུགས་པའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་གཙོ་སྐྱོང་འོག་ཏུ་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་གྲྭ་སྒྲིག་ཚོགས་ཆུང་བཙུགས། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་སྟེང་དུ་གཏན་ལ་ཕབ། ༢༠༡༧་ལོའི་སྤྱི་ཟླ་༤་པའི་ཚེས་༡༥་དང་༡༦་བཅས་ཉིན་གཉིས་ཀྱི་རིང་ལ་བསྡུས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་མང་མོས་ཀྱིས་ཐག་གཅོད་ལྟར་དུས་ཆེན་གྱི་མིང་ལ་བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་བཏགས། བོད་ཡིག་གི་དབྱངས་བཞི་དང་གསལ་བྱེད་སུམ་བཅུའི་མཚོན་དོན་དུ་དུས་ཆེན་གྱི་ཉིན་མོ་དེ་ལོ་རེའི་སྤྱི་ཟླ་༤་བའི་ཚེས་༣༠་ཉིན་གཏན་ལ་ཕབ་འདུག

XS
SM
MD
LG