ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་གསང་ཉུལ་ཚོས་ཨ་རི་བ་འགུག་ཐབས།


༄༅།། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་དང་ཨ་རིའི་གསང་བའི་ལས་ཁང་གི་ལས་སྣེ་ཚོས་རྒྱ་ནག་གི་གསང་ཉུལ་ཚོས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་དང་། ལྷག་པར་དུ་ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཚོ་འགུག་ཐབས་བྱས་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཁག་དང་ཚན་རིག་གི་བརྟག་དཔྱད་གྲུབ་འབྲས། འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ། ཨ་མི་རི་ཀའི་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་རྙེད་དོན་ཁག ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་གསང་བའི་གནས་ཚུལ་རྣམས་རྐུ་ཐབས་བྱེད་ཀྱིན་འདུག འདི་ནི་ཨ་མི་རི་ཀའི་འཕྲལ་ཡུན་གཉིས་ཀྱི་བདེ་འཇགས་ལ་ཉེན་ཀ་གཙོ་བོ་ཞིག་རེད་ཅེས་ཉེན་བརྡ་བཏང་སྟེ། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་བྱས་ནས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་གསང་ཉུལ་ཚོར་ཨ་མི་རི་ཀས་དོགས་ཟོན་ནན་པོ་བྱ་དགོས་ཞེས་སྐུལ་ལྕག་བཏང་འདུག

རྒྱ་ནག་གི་གསང་ཉུལ་ཚོས་ཕྱོགས་གཅིག་ནས་དྲྭ་ལམ་དུ་ཨ་མི་རི་ཀའི་སྤྱི་དམངས་སྒེར་དང་ཨ་རིའི་སྲིད་གཞུང་གི་གསང་བའི་ཡིག་ཆ་བསྡུ་རུབ་བྱེད་པ་དང་ཕྱོགས་གཞན་དེར་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་གསང་ཉུལ་བཏང་ནས་ཨ་མི་རི་ཀའི་ཚན་རིག་པ་དང་འཕྲུལ་རིག་མཁས་པ། ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ལས་སྣེ་རྣམས་འགུག་ཐབས་བྱེད་ཀྱིན་འདུག དཔེར་ན་བདུན་ཕྲག་རྗེས་མར་ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ལས་བྱེད་པ་ཟུར་པ་ཞིག་ལ་ཁྲིམས་བཤེར་བྱ་འཆར་ཡོད་པ་དང་ཁོ་པས་རྒྱ་ནག་ལ་ཨ་མི་རི་ཀའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ནག་ཉེས་ཕོག་ཡོད། ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་བྱེད་པ་ཟུར་པ་དེ་གཅིག་པུས་རྒྱ་ནག་གི་གསང་ཉུལ་ཚོས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་འགུག་ཐབས་བྱེད་ཀྱི་ཡོད་པའི་ཉེན་ཚབས་ཀྱི་རང་བཞིན་དེ་ཉིད་ཤེས་ཐུབ་ཅེས་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་གྱིས་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག

ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཇཱེབ་ཨ་ཤཱེར་གྱིས་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་རྒྱ་ནག་གིས་གཙོ་ཆེ་བ་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཡོད། དཔེར་ན་༢༠༡༥་ལོར་ཨ་མི་རི་ཀའི་ལས་བྱེད་བདག་གཉེར་ཁང་གིས་ཉར་འཛིན་བྱེད་ཡོད་པའི་ལས་བྱེད་པ་ས་ཡ་༢༠་ལྷག་གི་གསང་བའི་གནས་ཚུལ་རྒྱ་ནག་གིས་རྐུ་འཁྱེར་བྱས་ཡོད། ཨ་རིའི་ལས་བྱེད་བདག་གཉེར་ཁང་གིས་ཉར་འཛིན་བྱེད་ཡོད་པའི་ཡིག་མཛོད་ཁག་ཏུ་ཨ་མི་རི་ཀའི་ལས་བྱེད་པ་ཟུར་པ་རྣམས་དང་ལས་ཐོག ཁོ་ཚོའི་ཆེད་ལས་དང་ཉམས་མྱོང་སོགས་ཀྱི་རྒྱབ་ལྗོངས་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པས་རྒྱ་ནག་གི་ལག་ཏུ་ཨ་མི་རི་ཀའི་ལས་བྱེད་བདག་གཉེར་ཁང་གི་ཡིག་ཆ་རྣམས་རྐུ་འཁྱེར་བྱས་པ་རྒྱ་ནག་ལ་གསེར་གྱི་གཏེར་ཁ་རྙེད་པ་དང་གཅིག་མཚུངས་སུ་གྱུར་ཡོད། རྒྱ་ནག་གིས་ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཚོ་འགུག་ཐུབ་པའི་ཤུགས་སྣོན་རྒྱག་གི་འདུག་ཅེས་བཤད། ཡིན་ནའང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ལས་བྱེད་བདག་གཉེར་ཁང་གི་ཨ་རིའི་ལས་བྱེད་པའི་ལོ་རྒྱུས་རྣམས་རྐུ་འཁྱེར་བྱས་པ་དེར་ངོས་ལེན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་ཚོགས་པ་ཞིག་གིས་དྲྭ་ལམ་ནས་ཨ་རིའི་ལས་བྱེད་བདག་གཉེར་ཁང་གི་གསང་བའི་ཡིག་ཆ་རྐུ་འཁྱེར་བྱས་པ་ར་འཕྲོད།།

རྒྱ་ནག་གིས་ཨ་མི་རི་ཀར་སློབ་ཕྲུག་དང་ཉམས་ཞིབ་པ། སློབ་ཆེན་ཁག་གི་དགེ་རྒན་དང་ཡུལ་སྐོར་སྤྲོ་འཆམ་པ། ཚོང་པ་དང་འབྱོར་ལྡན་པ། རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་བཙུགས་པའི་ཨ་རིའི་སློབ་ཆེན་ཁག་གི་ཁུང་ཙིའི་སློབ་གླིང་སོགས་ལ་གསང་ཉུལ་མང་པོ་ཞིག་གཏོང་གི་ཡོད་པས་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་རིམ་པ་ཞིག་གིས་ཡོངས་གྲགས་སུ་ཨ་མི་རི་ཀ་རྒྱལ་ཁབ་དང་དཔལ་འབྱོར་སོགས་ལ་བདེ་འཇགས་མེད་པའི་དཀའ་ངལ་ནི་སྤྱི་ཚོགས་ཡོངས་ཀྱིས་གདོང་ལེན་བྱ་དགོས་པ་ཞིག་རེད་ཅེས་བསྟན། ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་གྱིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྐུ་འཁྱེར་གྱི་ཉེན་ཀ་རྒྱ་ནག་ལས་ཆེ་བ་གཅིག་ཀྱང་མི་འདུག རྒྱ་ནག་གི་གསང་བའི་ལས་ཁང་ཁག་དང་གཞུང་གཉེར་ཁེ་ལས་ཁག སྒེར་གྱི་བཟོ་ཚོང་ལས་ཁང་ཡིན་ཟེར་པ་དང་ཞིབ་འཇུག་སློབ་མ་ཡིན་ཟེར་པ། ཉམས་ཞིབ་པ་ཡིན་ཟེར་པ་དེ་དག་ལ་མངགས་བཅོལ་བྱས་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་དུ་འཇུག་གི་འདུག་ཅེས་གཏམ་བཤད་བྱས་ཤིང་། ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་ཁང་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་སྐད་ཆ་དྲིས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་རེད།།

བདུན་ཕྲག་རྗེས་མར་ཁྲིམས་བཤེར་བྱ་འཆར་ཡོད་པའི་ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་བྱེད་པ་ཟུར་པ་ལི་ཁྲུན་ཧྲིང་ཞེས་པ་ཞིག་གིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་ཡོད་ཅིང་། ཁོ་པས་སྔོན་ཆད་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་སྤྲད་པའི་ཉེས་འཛུགས་ལ་ངོས་ལེན་བྱས་མེད་བཤད་ཀྱང་ཁྲིམས་བཤེར་གྱི་སྔོན་དེར་ནག་ཉེས་ཡོད་པ་ངོས་ལེན་བྱ་སྲིད་པའི་རྣམ་འགྱུར་ཐོན། སྔ་ལོ་ཨ་མི་རི་ཀའི་དབུས་ཁྲིམས་འཛིན་ལྷན་ཁང་གིས་ལི་ཁྲུན་ཧྲིང་གིས་གློག་འཕྲིན་བརྒྱུད་ནས་རྒྱ་ནག་གི་གསང་བའི་ལས་ཁང་གི་གསང་ཉུལ་ཡིན་པ་ཤེས་བཞིན་དུ་དེ་ཚོར་ཨ་མི་རི་ཀའི་གསང་བའི་གནས་ཚུལ་བསྐུར་པའི་ནག་ཉེས་ཕོག ལི་ཁྲུན་ཧྲིང་ལ་འབྱུང་ཁུངས་བཤད་རྒྱུ་མེད་པར་ཧོང་ཀོང་གི་དངུལ་ཁང་ཞིག་ཏུ་ཨ་སྒོར་འབུམ་ཕྲག་འགའ་ཞིག་བཅོལ་འཇོག་བྱས་པ་ཨ་མི་རི་ཀའི་གཞུང་གིས་རྩད་གཅོད་ཐུབ། ཁོ་པའི་སྐྱེས་ཡུལ་ཧོང་ཀོང་ཡིན་རུང་ཕྱིས་སུ་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་པ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གི་གསང་བའི་ལས་ཁང་གིས་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་པའི་ལི་ཁྲུན་ཧྲིང་ལྟ་བུའི་རྒྱ་རིགས་ཡིན་པ་རྣམས་དམིགས་སུ་བཀར་ནས་འགུག་ཐབས་བྱེད་ཀྱི་ཡོད་པའི་ཤེས་རྟོགས་བྱུང་འདུག

བདུན་ཕྲག་སྔོན་མར་ལོ་ན་༦༣་ལ་སོན་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་པ་ཟུར་པ་ཁེ་ལེར་བྷོན་ཞེས་པ་ཞིག་གིས་རྒྱ་ནག་པ་གཉིས་ཀྱི་ལག་ནས་གཉེན་ཚན་ཚོར་ཨ་སྒོར་ཁྲི་ཚོ་གཉིས་དང་གནམ་གྲུའི་པ་སི། ཁང་གླ་དང་འཚོ་བའི་འགྲོ་གྲོན་རྣམས་བླངས་པ་ཡིན་ཞེས་ཁྲིམས་ཁང་དུ་ཁས་ལེན་བྱས་པ་དང་། ༢༠༡༥་ལོར་ཁེ་ལེར་བྷོན་གྱིས་རྒྱ་ནག་པ་དེ་དག་ལ་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོགས་འདུ་གལ་ཆེན་ཞིག་གི་གྲོས་གཞིའི་ཡིག་ཆ་རྣམས་དཔར་དུ་བཏབ་ནས་སྤྲད་ཡོད་པ་རྩད་གཅོད་བྱུང་འདུག ཨ་མི་རི་ཀ་བ་ཁེ་ཝྭིན་མེ་ལོ་རི་ཞེས་པ་ཞིག་ལ་ཟླ་བ་རྗེས་མར་ཁྲིམས་བཤེར་བྱ་འཆར་ཡོད་པ་དང་ཁོ་པས་ཀྱང་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་བཙོངས། ལོ་ན་༦༡་ལ་སོན་པའི་ཨ་རིའི་དབུས་གསང་བའི་ལས་ཁང་གིས་ལས་བྱེད་པ་ཟུར་པ་དེས་རྒྱ་ནག་གིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་པའམ ཡང་ན་མཁོ་སྤྲོད་བྱ་གྲབས་བྱས་པའི་ནག་ཉེས་ཕོག་ཡོད་པ་རེད།།

XS
SM
MD
LG