ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་འོས་འདེམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་གར་གྱི་མངའ་སྡེ་ཁག་༩་ནང་གྲོས་ཚོགས་འཐུས་མིའི་འོས་འདེམས་རིམ་པ་༤་པ་བྱས་ཡོད་པ་དང་ཁ་སྔོན་ཕྱི་ཚེས་༡༡་ནས་རྒྱ་གར་གྱི་སྤྱི་དམངས་འོས་འདེམས་འགོ་ཚུགས། ཕྱི་ཟླ་༥་ཚེས་༡༩་ཉིན་གྲོས་ཚོགས་འཐུས་མིའི་འོས་འདེམས་ཁག་མཇུག་བསྒྲིལ་རྒྱུ་དང་ཕྱི་ཟླ་༥་ཚེས་༢༣་ནས་ཐེངས་འདིའི་འོས་འདེམས་ལ་རྒྱ་གར་མི་དམངས་ཀྱིས་འོས་ཤོག་འཕངས་པ་གྲངས་ཀ་རྒྱག་རྒྱུ་རེད། ད་ལོའི་འོས་འདེམས་འདི་སྲིད་བློན་མོ་དྷིར་སླར་ཡང་རྒྱ་གར་མི་དམངས་ཀྱིས་ལོ་ལྔའི་སྲིད་དབང་འཛིན་པའི་གོ་སྐབས་སྤྲོད་རྒྱུ་ཡིན་མིན་གྱི་ཚོད་ལྟ་ཞིག་ཀྱང་ཡིན་ཞིང་། ༢༠༡༩་ལོའི་འོས་འདེམས་འདིར་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༥༤༣་གྱི་གདན་གྲངས་ཡོད་པ་དེར་རྒྱ་གར་མི་དམངས་དུང་ཕྱུར་༩་ཡས་མས་ཤིག་གིས་འོས་ཤོག་འཕེན་གྱི་ཡོད་པ་རེད།།

རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཁག་ཅིག་གིས་བྷེ་ཇེ་བྷི་གཞུང་འཛིན་ཚོགས་པར་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་གར་གྱི་ས་གནས་ཁག་གི་སྲིད་དོན་ཚོགས་པ་ཁག་ལ་འོས་ཤོག་མང་བ་ཐོབ་སྟེ། རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཀོང་རེ་སི་གཉིས་ཀར་རང་ངོས་ནས་སྲིད་གཞུང་འཛུགས་ཐུབ་པའི་གྲོས་ཚོགས་འཐུས་མིའི་གདན་གྲངས་འཐོབ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ར་ཇི་སི་ཐན་དང་མ་དྷེ་པུར་དྷེ་ཤི། ཆ་ཏི་སི་གྷར་མངའ་སྡེ་གསུམ་ལ་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་སྟོབས་ཤུགས་རྒྱས་ནས་བཟུང་། སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་གྱི་སྟོབས་ཤུགས་ལ་འགྱུར་བ་ཐེབས། ད་ལོའི་འོས་འདེམས་རིམ་པ་དང་པོ་དེར་རྒྱ་གར་མི་དམངས་འོས་ཤོག་འཕེན་མཁན་བརྒྱ་ཆ་༦༦་དང་གྲངས་ཆུང་༤་བྱུང་ཡོད་པ་ནི་༢༠༡༤་ལོར་རྒྱ་གར་གྱི་བྷི་ཇེ་བྷི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དེ་དང་འདྲ་མཚུངས་ཀྱི་མི་དམངས་འོས་ཤོག་འཕེན་མཁན་ཞིག་ལས་བྱུང་མེད། ལོ་གཉིས་ཀྱི་གོང་དུ་སྲིད་བློན་མོ་དྷིའི་གཞུང་གིས་མི་མང་འོས་ཤོག་འཕེན་མཁན་གྱི་བརྒྱ་ཆའི་གྲངས་འབོར་མང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཀྱང་ལོ་འདིའི་འོས་ཤོག་འཕེན་མཁན་གྱི་བརྒྱ་ཆ་ནི་འོས་འདེམས་ཐེངས་སྔོན་མ་དང་འདྲ་བོ་ཞིག་བྱུང་མེད་པས་གནས་ཚུལ་འདི་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་གཏམ་བཟང་ཞིག་མིན་སྲིད། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་མུཀ་ཧོ་པ་དྷི་ཡ་ཞེས་པ་ཞིག་གིས་བྷི་ཇེ་བྷི་གཞུང་འཛིན་ཚོགས་པས་སྔར་བཞིན་མང་ཚོགས་ལ་སྐུལ་སློང་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད།།

རྒྱ་གར་གྱི་ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོས་བྷི་ཇེ་བྷི་གཞུང་འཛིན་ཚོགས་པས་མི་རིགས་དང་ཆོས་ལུགས་གྲུབ་མཐའི་འགལ་ཟླ་བསླངས། རྒྱ་གར་གྱི་ཁ་ཆེ་དང་གྲངས་ཉུང་མི་རིགས་ཁག་ལ་གཉའ་གནོན། རྒྱ་གར་གྱི་རྩ་ཁྲིམས་སུ་འཁོད་པའི་དགོངས་དོན་ཁག་ལ་རྡོག་བརྫིས་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ཡོད་པ་དེའི་གྲས་ཀྱི་མི་འབོར་བརྒྱ་ཆ་༨༠་ཐམ་པ་ཧིན་རྡུ་ཡིན་རུང་རྒྱ་གར་ལ་ཁ་ཆེ་དང་ཡེ་ཤུ། སིག་རྒྱ་བོ་དང་ནང་པ་བཅས་གྲངས་ཉུང་མི་རིགས་བརྒྱ་ཆ་༢༠་ཙམ་ཡོད། རྒྱལ་ཁབ་གཞན་དང་མ་འདྲ་བར་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ལ་གློག་བརྙན་འཁྲབ་མཁན་ཚོས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་སྟེ། སྔོན་ཆད་གློག་བརྙན་༡༤༠་ལྷག་འཁྲབ་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཇཱ་ཡ་ལ་ལི་ཏ་ཆབ་སྲིད་ལ་ཞུགས་ནས་ལོ་༡༤་ལ་ཏ་མིལ་ན་རྡུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་གོ་གནས་བཟུང་། ༡༩༩༩་ལོར་ཁོ་མོའི་སྲིད་དོན་ཚོགས་པ་མཉམ་སྐྱོང་སྲིད་གཞུང་ཁོངས་ནས་ཕྱིར་འཐེན་བྱས་པས་སྲིད་གཞུང་འཐོར་ཞིག་སོང་ཡོད་པ་རེད།།

༢༠༡༦་ལོར་ཇཱ་ཡ་ལ་ལི་ཏ་འདས་གྲོངས་སུ་གྱུར་ཀྱང་ཁོ་མོའི་སྲིད་དོན་ཚོགས་པ་ལོ་འདིའི་འོས་འདེམས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ༢༠༠༣་ལོར་རྒྱ་གར་བྱང་ཕྱོགས་ཀྱི་གློག་བརྙན་འཁྲབ་མཁན་སིམ་རི་ཏི་ཨི་ར་ཎི་རྒྱ་གར་གྱི་ཆབ་སྲིད་ལ་མཉམ་ཞུགས། ཁོ་མོ་སྲིད་བློན་མོ་དྷིའི་སྲིད་དོན་ཚོགས་པའི་ཁོངས་སུ་ཞུགས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་ལ་གློག་བརྙན་འཁྲབ་མཁན་ཨི་ར་ཎི་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་ལྟ་བུ་ཞིག་ཏུ་གྱུར། ད་ལོའི་འོས་འདེམས་སྐབས་སུ་ཨི་ར་ཎིས་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིར་ཁ་གཏད་དུ་ལངས་ནས་ནེ་རུ་ཚང་གི་སྲོལ་རྒྱུན་གྱི་སྲིད་དབང་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེའི་གྲོས་ཚོགས་འཐུས་མིའི་ས་མིག་རྩོད་ཀྱི་ཡོད་པ་དང་། ༢༠༡༤་ལོར་གློག་བརྙན་འཁྲབ་མཁན་ཨི་ར་ཎིར་ར་ཧུལ་གྷན་དྷིའི་ས་མིག་དེ་ཐོབ་མེད་ཀྱང་ཁོ་མོ་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་དུ་བསྐོ་བཞག་བྱས་ཡོད་པ་རེད།།

རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་ལ་ལས་བྱེད་པ་༨༠༠་ལས་མེད་པས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱིས་དབུས་གཞུང་དང་མངའ་སྡེ་རིམ་པའི་ལས་བྱེད་པ་ས་ཡ་༡༢་གཡར་ནས་གྲོས་ཚོགས་འཐུས་མིའི་འོས་འདེམས་བྱེད་ཀྱི་ཡོད་པར་མ་ཟད། འོས་འདེམས་རྟོག་ཞིབ་པ་༢༠༠༠་ལྷག་ས་གནས་གང་སར་འགྲེམ་འཇོག་བྱེད་ཀྱི་ཡོད་པ་དང་འོས་འདེམས་བྱ་ཡུལ་ཁག་ལ་བརྙན་འཕྲིན་པར་ཆས་ཁྲི་ཚོ་༧་དང་སྟོང་ཕྲག་༥་བཙུགས་ནས་འོས་འདེམས་དྲང་སྙོམས་དང་འཇིགས་སྐུལ་མི་འབྱུང་བའི་བདེ་འཇགས་སྲུང་སྐྱོབ། རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་ལས་བྱེད་པ་རྣམས་སྐྱེལ་འདྲེན་བྱེད་པའི་མེ་འཁོར་༡༢༠་དང་རླངས་འཁོར་སྟོང་ཕྲག་གསུམ། འོས་ཤོག་དང་སྣག་ཚ་སོགས་འོས་འདེམས་ཀྱི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆེ་ཆུང་འབུམ་༢་ལྷག་ཡོད་པ་དང་། རྒྱ་གར་གྱི་འོས་ཤོག་འཕེན་ཡུལ་ཁག་ཏུ་མི་དམངས་ལ་ལམ་སྟོན་དང་རོགས་རམ་བྱེད་མཁན་ལས་སྣེ་འབུམ་༡་དང་ཁྲི་༤་ལྷག་བསྐོ་འཛུགས་བྱས་འདུག

རྒྱ་གར་གཞུང་གིས་མི་དམངས་རྣམས་འོས་ཤོག་འཕེན་དུ་སྤྱི་ལེ་གཉིས་ཡས་མས་ཤིག་ལ་མ་གཏོགས་བསྐྱོད་མི་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཚོ་ཧི་མ་ལ་ཡའི་གངས་འདབས་ཀྱི་འཇའ་མུ་ཀ་ཤི་མིར་མངའ་སྡེ་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་ཁར་ཆགས་པའི་ཀེ་ར་ལ་མངའ་སྡེ། རྒྱ་གར་ཤར་ཕྱོགས་ཀྱི་ནུབ་བྷང་ག་ལ་མངའ་སྡེ་ནས་རྒྱ་གར་ནུབ་ཕྱོགས་ཀྱི་ར་ཇི་སི་ཐན་མངའ་སྡེ་བར་དུ་མེ་འཁོར་དང་རླངས་འཁོར། ཤིང་རྟ་འཁོར་ལོའི་ནང་དུ་འགྲུལ་སྐྱོད་བྱེད་པའམ། ཡང་ན་རྟ་དྲེལ་དང་རྔ་མོང་སོགས་བཞོན་ནས་མི་དམངས་ལ་འོས་ཤོག་འཕེན་དུ་འཇུག་གི་ཡོད་པ་དང་། ད་ལོའི་འོས་འདེམས་ཀྱི་རྩ་དོན་གཙོ་བོ་ཞིག་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ། རྒྱ་གར་གྱི་འཛུགས་སྐྲུན་ཡར་རྒྱས་དང་ན་གཞོན་ཚོར་ལས་ཀ་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་སྲིད་དོན་ཚོགས་པ་ཁག་གིས་ཤུགས་ཆེན་བསྒྲགས། རྒྱ་གར་གཞུང་གིས་སྤྱི་ཡོངས་འོས་འདེམས་འདི་དྲང་སྙོམས་འཁྱོངས་ཐབས་དང་ཟིང་ཆ་མི་འབྱུང་བའི་ཆེད་དུ་མངའ་སྡེ་ཁག་བགོ་བཤའ་བརྒྱབ་སྟེ། དུས་ཡུན་ཟླ་བ་གཅིག་ལྷག་ལ་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་འདི་རིམ་པ་ལྟར་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG