ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་དྲུག་བཞིའི་ལས་འགུལ་བྱུང་ནས་ལོ་༣༠།


ད་ལོ་ནི་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྤེལ་ནས་ལོ་ཧྲིལ་པོ་༣༠་འཁོར་ཅིང་། ཉེ་ཆར་དབྱིན་ཡུལ་གྱི་བརྙན་འཕྲིན་སྡེ་ཚན་ཞིག་གིས་ཆེ་མི་རི་ཁའམ། ཨ་རི་དང་རྒྱ་ནག་གི་བསྡུས་གཟུགས་ཞེས་པའི་མུ་འབྲེལ་བརྙན་གར་ཞིག་མཚམས་སྦྱོར་ཁྱབ་བསྒྲགས་བྱས་ཡོད་པ་དང་མུ་འབྲེལ་བརྙན་གར་དེའི་ནང་དུ་ལོ་༣༠་ཐམ་པའི་ཡར་སྔོན་གྱི་སློབ་ཕྲུག་ཚོ་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སྐབས་སུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ལྕགས་ཁྲབ་འཁོར་ལོའི་མདུན་མདུན་དུ་འགོག་མཁན་གྱི་ལས་འགུལ་བ་ཝང་ཝེ་ལིན་ནམ། མི་ཚོས་ཡོངས་གྲགས་སུ་ལྕགས་འཁོར་ལོའི་མི་ཞེས་འབོད་པ་དེའི་སྐོར་གྱི་འཁྲབ་སྟོན་ཞིག་བྱས་ཡོད་པ་འཁོད་འདུག

གློག་བརྙན་དེའི་ནང་དུ་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་བའི་དངོས་བྱུང་གི་གཏམ་རྒྱུད་དང་། སྐབས་དེར་ལྕགས་ཁྲབ་འཁོར་ལོའི་མི་ཞེས་འབོད་པའི་ལས་འགུལ་བ་དེ་འདྲ་པར་ལེན་མཁན་དེས་མུ་མཐུད་དུ་ལྕགས་ཁྲབ་འཁོར་ལོའི་མི་ཞེས་པ་དེ་འཚོལ་ཞིབ་བྱེད་བཞིན་པའི་སྒྲུང་གཏམ་རྟོག་བཟོ་བྱས་པའི་བརྗོད་བྱ་ཟུང་འབྲེལ་གྱིས་མུ་འབྲེལ་བརྙན་གར་དེའི་ཆ་ཤས་ཤིག་ཏུ་བཟོས་ཡོད་པར་བརྟེན། ད་སྔ་རྒྱ་ནག་ཏུ་མུ་འབྲེལ་བརྙན་གར་དེའི་སྐོར་གྱི་གནས་ཚུལ་རྣམས་དྲ་ལམ་དུ་ནག་བསུབ་བཏང་ཡོད་པའི་གནས་ཚུལ་ཐོན། ལོ་རེ་བཞིན་དྲུག་བཞིའི་དམངས་གཙོའི་ལས་འགུལ་གྱི་རྗེས་དྲན་ཉིན་མོ་སླེབས་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། དམངས་གཙོའི་ལས་འགུལ་དེར་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཁག་ལའང་དམིགས་བསལ་གྱིས་ལྟ་རྟོག་དང་བཀག་ཉར་བྱེད་ཀྱི་ཡོད་པ་རེད།།

དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་གིས་སྐབས་དེར་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་བ་མང་པོ་དམར་གསོད་བྱས་པར་རྗེས་དྲན་གྱི་ལས་འགུལ་མང་པོ་སྤེལ་བཞིན་འདུག འཛམ་གླིང་ཡོངས་ཀྱིས་ལྕགས་ཁྲབ་འཁོར་ལོའི་མི་དེ་འཚོལ་བ་ཞེས་པ་ནི་ལོ་ལྟར་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར། ལྕགས་ཁྲབ་འཁོར་ལོའི་མི་ཞེས་མིང་བཏགས་པའི་པར་འདྲ་འདི་༡༩༨༩་ལོའི་ཕྱི་ཟླ་༦་པའི་ཚེས་༤་ཉིན་བྱུང་བའི་དམངས་གཙོའི་ལས་འགུལ་གྱི་སྐབས་སུ་མཉམ་འབྲེལ་གསར་ཁང་གི་གསར་འགོད་པ་ཇཱེབ་ཝེ་ཌི་ནར་གྱིས་བླངས་པའི་པར་ཞིག་ཡིན། ད་ལྟའི་བར་དུ་འདྲ་པར་དུ་ཟིན་པའི་ལྕགས་ཁྲབ་འཁོར་ལོའི་མདུན་འགོག་པ་ཝང་ཝེ་ལིན་ཞེས་པ་གར་སོང་ཆ་མེད་དུ་གྱུར་ཀྱང་འདྲ་པར་ནི་དྲུག་བཞིའི་དམངས་གཙོའི་ལས་འགུལ་གྱི་ཚབ་མཚོན་འདྲ་པར་གཙོ་བོ་དེར་གྱུར་ཡོད་པ་རེད།།

ཨ་རི་དང་རྒྱ་ནག་གི་བསྡུས་གཟུགས་ཞེས་པའི་མུ་འབྲེལ་བརྙན་གར་འདི་ནི་ཐོག་མར་དབྱིན་ཡུལ་གྱི་བུད་མེད་འཁྲབ་གཞུང་རྩོམ་པ་པོ་ཀིར་ཀི་བྷོ་ཌིས་བརྩམས་པའི་འཁྲབ་གཞུང་གཞིར་བཞག་གིས་ཕབ་སྐྲུན་བྱས་པ་དང་འཁྲབ་གཞུང་དེ་ཐོག་མར་སྤྱི་ལོ་༢༠༡༣་ལོར་གར་སྟེགས་སུ་འཁྲབ་སྟོན་བྱས་ཤིང་། རྗེས་སུ་རྩོམ་པ་པོས་འཁྲབ་གཞུང་གི་ནང་དོན་ལ་ཁ་སྣོན་བྱས་ནས་མུ་འབྲེལ་བརྙན་གར་ཚན་པ་བཞི་ཅན་ཞིག་ཏུ་བསྒྱུར། འཁྲབ་གཞུང་གི་ནང་དོན་གཙོ་བོ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་འོས་འདེམས་སྐབས་ཀྱི་གནས་ཚུལ་ཁ་སྣོན་བྱས་ཏེ་ཨ་རིའི་བརྙན་ལེན་པ་ཞིག་གི་བརྙན་མིག་ནང་དུ་མཐོང་བའི་ཨ་རི་དང་རྒྱ་ནག་གཉིས་ཀྱི་སྣེ་མང་རྙོག་འཛིན་ཅན་འདྲ་མིན་ཞིག་བསྟན།།

དབྱིན་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཁྲབ་གཞུང་རྩོམ་མཁན་ལ་བཅར་འདྲི་ཞུས་ནས་འཁྲབ་གཞུང་འདིའི་ཐོག་མའི་བརྗོད་བྱ་ནི་རྒྱ་ནག་གཞུང་གིས་གསར་འགྱུར་རང་དབང་ལ་ཇི་ལྟར་ཁ་གཏད་གཅོག་གི་ཡོད་མེད་ཀྱི་སྐོར་ཡིན་ཞིང་། ད་ལྟ་འཁྲབ་གཞུང་ལ་བཟོ་བཅོས་བྱས་པའི་རྗེས་སུ་ཨ་རིའི་གནས་སྟངས་དང་བསྡུར་ནས་བྲིས་ཡོད་ཅེས་བཀྲལ་ཡོད་པ་སྟེ། ཁོ་མོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་དབང་ཐོབ་པའི་རྗེས་ཀྱི་བག་ཆགས་ཆེ་ཤོས་ནི་སྲིད་འཛིན་གྱིས་ཇི་ལྟར་གསར་འགྱུར་བརྒྱུད་ལམ་ལ་སྡང་ཟུག་བྱེད་བཞིན་པ་དེ་རེད། གལ་ཏེ་ང་ལ་ཚིག་གཅིག་གིས་སྐབས་དེའི་ཨ་རིའི་གཞུང་གིས་གསར་ལམ་ལ་ཁ་གཏད་གཅོག་སྟངས་ངོ་སྤྲོད་བྱེད་དུ་བཅུག་ན་ངས་དེ་ནི་རྒྱ་ནག་གཞུང་གི་བྱེད་སྟངས་དང་གཅིག་པ་རེད་ཅེས་འགྲེལ་བཤད་བྱེད་ངེས་ཡིན་ཅེས་བཤད་འདུག མུ་འབྲེལ་བརྙན་གར་དེ་ནི་ཨ་རི་དང་རྒྱ་ནག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་ཁག་ཅིག་བརྗོད་བྱར་བཟུང་ནས་མུ་འབྲེལ་བརྙན་གར་བཟོས་ནས་སྤྱི་ཟླ་༤་པའི་ཚེས་༡༧་ནས་མགོ་བརྩམས་ཏེ་དབྱིན་ཡུལ་གྱི་བརྙན་འཕྲིན་འཕྲིན་ལམ་བཞི་པའི་སྟེང་གཏོང་འགོ་བཙུགས་ཡོད་པ་རེད།།

XS
SM
MD
LG