ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་གྱི་དགེ་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལྟ་བར་དུ་རྩོད་གཞི་ཆེ་ཞིང་འགལ་ཟླ་མང་བའི་ཨ་རི་དང་རྒྱ་ནག་གི་ཚོད་དོན་གྲོས་མོལ་ཡུན་རིང་མི་འགོར་པར་ཐག་གཅོད་བྱ་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཨ་རི་དང་རྒྱ་ནག་གི་ཚོང་ལས་དང་འབྲེལ་ནས་འབྱུང་གི་ཡོད་པའི་ཉེན་ཁ་གཞན་རྣམས་སྔར་བཞིན་སོར་གནས་ཡིན་པས་བཀག་འགོག་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་གཟའ་ཕུར་བའི་ཉིན་ཨ་རིའི་ཉེན་ཀ་རྟོག་ཞིབ་ཚོགས་པས་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གི་ཉེན་ཁ་དེ་དག་གི་གྲས་ཀྱི་གཅིག་ནི་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་སུ་དམག་ཤུགས་རྒྱ་སྐྱེད་བཏང་སྟེ་ས་ཁོངས་འདབས་འབྲེལ་གྱི་བྱང་ཀོ་རི་ཡ་དང་ཨི་རན་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ། གཉིས་ནས་ཆབ་སྲིད་ལྟ་གྲུབ་ཀྱི་ཐོག་ཏུ་རྒྱ་ནག་མི་དམངས་ལ་རང་དབང་སྤྲོད་ཀྱི་མེད་པ་དང་ཨ་རིའི་ནང་དུ་དམར་ཤོག་གི་ལྟ་གྲུབ་ཁྱབ་སྤེལ་བྱེད་བཞིན་པ་སོགས་ཕྱོགས་མང་པོ་ཞིག་ནས་སིམ་འཛུལ་བྱེད་བྱེད་ཀྱི་ཡོད་པ་སྟེ། མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་འདོད་ཡོད་པའི་ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གི་ཉེན་ཁ་དེ་རྣམས་སྔར་བཞིན་ཡོད་མུས་ཡིན་ཞིང་། ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཁག་ཅི་ཙམ་གྱིས་འདྲ་མཉམ་ལུགས་མཐུན་ཞིག་བྱུང་བའི་དབང་དུ་བཏང་རུང་རྒྱ་ནག་དམར་ཤོག་ཚོགས་པས་སྔར་བཞིན་སྲིད་དབང་བཟུང་ན་ཕྱོགས་གང་ཐད་དུ་ཨ་རིར་གཏོར་བརླག་གཏོང་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་པར་འགྱུར་བ་ཐེབས་མི་སྲིད་ཅེས་བཀོད།

དེ་སྔོན་སྲིད་འཛིན་རེ་གྷན་གྱི་དུས་སུ་རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་གྱི་འགན་འཛིན་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཀྱི་སློབ་སྟོན་པ་རོ་ཇཱར་རོ་བྷིན་སོན་གྱིས་ང་ཚོས་ཁེ་ཕན་ཁག་ཅིག་ལ་དམིགས་ནས་རྒྱ་ནག་ལ་ཚོང་ལས་ཀྱི་གན་རྒྱ་འཇོག་སྲིད། དེ་ནི་སྲིད་འཛིན་ལ་མཚོན་ན་རྒྱལ་ཁ་ཞིག་དང་མ་རྐང་ཁྲོམ་ར་ལའང་རྒྱལ་ཁ་ཞིག་ཡིན། འདི་དག་ནི་མ་འོངས་པར་ཚོང་ལས་ཀྱི་གན་རྒྱ་ཁག་ལ་མིང་རྟགས་འགོད་རྒྱུའི་རྒྱུ་མཚན་གཙོ་བོ་ཁག་ཡིན་མོད། འོན་ཀྱང་གྲོས་མོལ་གྱི་བརྒྱུད་རིམ་ནང་དུ་ཉེན་ཁ་མང་པོ་ཞིག་ཡོད་པས་གནད་འགག་གི་དུས་སུ་ནོར་འཁྲུལ་འབྱུང་སླ། དེས་ན་ང་ཚོས་བྲེལ་འཚུབ་ཀྱི་ངང་དུ་ཚོང་ལས་ཀྱི་གན་རྒྱ་ཁག་ལ་མིང་རྟགས་འགོད་མི་ཉན། ང་ཚོས་ངེས་པར་དུ་གན་རྒྱ་འཐུས་ཚང་ཞིག་བཞག་ནས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས། ང་ཚོས་རྒྱ་ནག་ལ་བཏོན་པའི་དགོས་འདུན་རྣམས་རེ་རེ་བཞིན་ལག་བསྟར་བྱེད་དུ་མ་བཅུག་ཚེ། ཚོང་ལས་ཀྱི་གན་རྒྱ་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་འཐོན་སྲིད། འདི་ནི་ཧ་ཅང་གི་ཉེན་ཁ་ཅན་ཞིག་རེད་ཅེས་བཤད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་བློ་འདོན་པ་ཟུར་པ་སི་ཊིབ་བྷེ་ནན་གྱིས་ཀྱང་ཨ་རིའི་གཞུང་གིས་ངེས་པར་དུ་ཕྱོགས་གཉིས་ཀྱི་ཚོང་དོན་ལ་ལྟ་རྟོག་དང་དོ་དམ་བྱེད་པའི་སྒྲིག་འཛུགས་ཤིག་འཛུགས་དགོས་པ་དང་དེ་ནི་གནད་འགག་ཅིག་ཡིན། ཚོང་ལས་ལ་དུས་ཐོག་ཏུ་ལྟ་རྟོག་བྱས་ནས་སྒོ་ཁྲལ་བཀལ་ནས་ཉེས་ཆད་གཅད་ཆོག་ཅེས་བཤད། ཡང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་རེ་འདུན་བཏོན་པའི་ནང་དུ་རིག་དངོས་བདག་དབང་བརྐུ་འཁྱེར་དང་དྲ་རྒྱའི་ལམ་ནས་སིམ་འཛུལ། དངུལ་སྒོར་གྱི་འཛའ་ཐང་སྤར་གཅོག རྒྱལ་གཉེར་ཁེ་ལས་ཁག་ལ་གུན་གསབ་སྤྲོད་པ་སོགས་གཉིས་ཀྱི་ཚོང་ལས་ལ་འབྲེལ་བ་ཡོད་པའི་དོན་ཚན་༦་དྲུག་བཏོན་ཡོད་པ་རྣམས་མ་འོངས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་འགྲིག་འཇགས་གཏན་ནས་མི་འབྱུང་ཞེས་བཤད་འདུག

རྒྱ་ནག་གི་མ་འོངས་པའི་འཐོར་ཞིག་ཅེས་པའི་དཔེ་དེབ་རྩོམ་པ་པོ་ཀྲང་ཅ་ཏོན་གྱིས་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཚོང་ལས་ཀྱི་གྲོས་མཐུན་ཅི་ཡང་འཇོག་མི་འོས་། ང་ཚོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུ་རྒྱ་ནག་དང་ཚོང་ལས་ཀྱི་གན་རྒྱ་མང་པོ་བཞག་མྱོང་ཡོད། རྒྱ་ནག་གིས་གན་རྒྱ་ཡོད་ཚད་ལ་རྒྱབ་འགལ་བྱས་ཡོད། དེར་བརྟེན་སྔོན་གྱི་ཉམས་མྱོང་ལ་གཞིགས་ནས་ཕམ་ཁ་མི་འབྱུང་རྒྱུར་འབད་བརྩོན་བྱེད་པའི་དུས་སུ་སླེབས་ཡོད། ཨ་མི་རི་ཀས་བསྐྱར་དུ་རྒྱ་ནག་ལ་ཚོང་ལས་ཀྱི་གན་རྒྱ་ཞིག་འཇོག་པའི་དུས་ཚོད་མིན། ཨ་རི་དང་རྒྱ་ནག་གི་འགལ་ཟླ་རྣམས་གན་རྒྱ་ཞིག་གིས་ཐག་གཅོད་ཐུབ་པ་ཞིག་ཀྱང་མིན། ཞིས་ཅིན་ཕིང་ལ་དགོས་པ་ནི་གཞུང་དང་རྒྱལ་ཁབ་ཀྱིས་དབང་དུ་སྒྱུར་པའི་དཔལ་འབྱོར་ལམ་ལུགས་ཤིག་རེད་ཅེས་བསྟན། དཔལ་འབྱོར་གྱི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་ཕྱིའི་རྒྱལ་ཁབ་ཀྱི་བཟོི་ཚོང་ལས་ཁང་ཁག་ལ་གོི་སྐབས་སྟེར་མི་སྲིད། ཞིས་ཅིན་ཕིང་གིས་གནས་སྐབས་ཀྱི་དགོས་མཁོར་དམིགས་ནས་ཁས་ལེན་ཁག་ཅིག་བྱ་སྲིད་ཀྱང་ཁོ་པས་མ་འོངས་པར་དེ་ལ་བརྩི་སྲུང་བྱ་མི་སྲིད་ཅེས་པ་སོགས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་གྱི་ཉམས་ཞིབ་པ་ཚོས་གླེང་སློང་དང་གདེང་འཇོག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG