ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིམ་དང་ཕུ་ཀྲིན་གྱི་ཐུག་འཕྲད་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཨུ་རུ་སའི་ཤར་མཐར་ཆགས་པའི་ཝྭ་ཌི་ཝྭ་སི་ཊོཀ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱུང་། ཝྭ་ཌི་ཝྭ་སི་ཊོཀ་ས་གནས་ནི་ཞི་བདེ་རྒྱ་མཚོའི་ངོགས་ཀྱི་མཚོ་ཁའི་གྲོང་ཁྱེར་ཞིག་ཡིན་པས་བྱང་ཀོ་རི་ཡའི་ས་མཚམས་ནས་རྒྱང་ཁད་དབྱིན་ལེ་༧༥་ལས་མེད། གཟའ་ཕུར་བུའི་ཉིན་གྱི་ཐུག་འཕྲད་ནི་ཀིམ་ཇུང་ཨུན་དང་ཕུ་ཀྲིན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་ཡིན་རུང་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་དང་དམག་དོན་སོགས་ཀྱི་གྲོས་མཐུན་གང་ཡང་བཞག་མེད་ཅིང་། སྲིད་འཛིན་ཕུ་ཀྲིན་གྱིས་ཀིམ་ཇུང་ཨུན་ལ་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་རྩ་དོན་ལ་གྲོས་མོལ་བྱས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ཨ་མི་རི་ཀར་ནང་མོལ་ཞུ་ཆོག་ཅེས་བཤད་དེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་ཨུ་རུ་སུའི་གཞུང་གིས་བྱང་ཀོ་རི་ཡར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པའི་རྣམ་འགྱུར་བསྟན། ཀིམ་ཇུང་ཨུན་དང་ཕུ་ཀྲིན་གྱི་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུའང་བྱང་ཀོ་རི་ཡའི་ལངས་ཕྱོགས་ལ་འགྱུར་བ་མ་ཐེབས།།

ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཀིམ་ཇུང་ཨུན་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་འདོད་འདུག འོན་ཀྱང་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱུང་བའི་རྗེས་སུ་གོ་རིམ་ལྡན་པའི་སྒོ་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཆོག་ཅེས་ཁས་ལེན་བྱས་སོང་། ང་ལ་བྱང་ཀོ་རི་ཡའི་ལངས་ཕྱོགས་ཅི་ཡིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་འགྲེལ་བཤད་གསལ་བོ་ཞིག་རྒྱག་དགོས་པའི་འབོད་སྐུལ་ཞུས་བྱུང་ཞེས་བཤད། ཉམས་ཞིབ་པ་ཚོས་ཨ་རིའི་སྲིད་འཛིན་གྱིས་རྟག་ཏུ་ཨུ་རུ་སུའི་སྲིད་འཛིན་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་ཌོ་ནལ་ཊམ་སྲིད་འཛིན་ཕུ་ཀྲིན་ལ་ལྟ་ཚུལ་ཡག་པོ་ཡོད་པས་ཀིམ་ཇུང་ཨུན་གྱིས་ཨུ་རུ་སུའི་སྲིད་འཛིན་བརྒྱུད་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་སླར་གསོ་འབྱུང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཉེ་ཆར་ཕྱི་ཟླ་༢་པར་ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གཉིས་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་བྱས་པར་གྲུབ་འབྲས་གང་ཡང་མ་བྱུང་བ་ནས་བཟུང་སྟེ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་མཚམས་ཆད། ཐ་ན་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་ཡང་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་འདུག་ཅེས་བཤད། ཁ་སྔོན་ཕྱི་ཟླ་༢་པའི་ནང་དུ་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱེད་ཕྱོགས་སུ་མ་མཐུན་པར་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གློ་བུར་དུ་གྲོས་མོལ་མཚམས་བཞག་ནས་རང་ཡུལ་ལ་ཕྱིར་ལོག་བྱས་ཡོད་པ་རེད།།

ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀའི་སྲིད་གཞུང་ལྷག་བསམ་རྣམ་དག་མ་རེད། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པ་ཨ་མི་རི་ཀས་རང་གི་ལངས་ཕྱོགས་མཁྲེགས་འཛིན་བྱས་པར་ཐུག་ཡོད་ཅེས་སྐྱོན་བརྗོད་བྱས་ལུགས་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཀིམ་ཇུང་ཨུན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་ཀོ་རི་ཡའི་གླིང་ཟུར་གྱི་གནས་སྟངས་དེ་ཉིད་སླར་ཡང་ཛ་དྲག་ཅན་ཞིག་ལ་འགྱུར་སྲིད་པའི་ཉེན་ཀ་ཡོད། ཀོ་རི་ཡའི་གླིང་ཟུར་དེར་ཞི་བདེ་བརྟན་ལྷིང་ཚུགས་ཐུབ་རྒྱུ་ཡིན་མིན་ནི་མཐའ་གཅིག་ཏུ་ཨ་མི་རི་ཀར་རག་ལོས་ཡོད་ཅེས་ཨ་མི་རི་ཀས་ལན་ཁག་དཀྲིས། ད་དུང་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་ཀིམ་ཇུང་ཨུན་དང་ཕུ་ཀྲིན་གཉིས་ཀྱིས་འཐབ་ཇུས་མཉམ་འབྲེལ་དང་ཀོ་རི་ཡའི་གླིང་ཟུར་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱ་རྒྱུ། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་མང་ཙམ་ཕན་ཚུན་འཚམས་འདྲིར་ཕེབས་དགོས་པའི་གྲོས་མོལ་ལྷུག་པོ་བྱུང་སོང་། ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ཞི་འཇམ་གཏོང་བར་ཀིམ་ཇུང་ཨུན་གྱིས་ཕྱི་འབྲེལ་ཐབས་ཇུས་བསྟེན་པར་སྲིད་འཛིན་ཕུ་ཀྲིན་གྱི་བསྔགས་བརྗོད་བྱས་སོང་། སྲིད་འཛིན་ཕུ་ཀྲིན་དུས་སྐབས་འོས་འཚམས་ཤིག་ལ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་མོས་མཐུན་བྱས་སོང་ཞེས་གནས་ཚུལ་སྤེལ་འདུག

ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་རྗེས་སུ་སྲིད་འཛིན་ཕུ་ཀྲིན་གྱིས་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ལངས་ཕྱོགས་བཟུང་ཡོད། ཡིན་ནའང་བྱང་ཀོ་རི་ཡའི་བདེ་འཇགས་ལས་འགན་ལེན་བྱ་དགོས་པ་དེར་རྒྱལ་ཁབ་མང་པོ་ཞིག་གིས་གྲོས་མཐུན་བཞག་ནས་མིང་རྟགས་འགོད་དགོས་ཞེས་བསྒྲགས། འདི་ནི་༢༠༠༩་ལོར་མཚམས་ཆད་པའི་རྒྱལ་ཁབ་༦་གི་མཉམ་འབྲེལ་གྲོས་མོལ་སླར་གསོ་བྱ་དགོས་པའི་བརྡ་བཏང་བ་ཞིག་ཡིན་སྲིད། ༢༠༠༩་ཡི་སྔོན་ཆད་ལ་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ ཉི་ཧོང་དང་རྒྱ་ནག ཨུ་རུ་སུ་བཅས་འབྲེལ་ཡོད་རྒྱལ་ཁབ་༦་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་གྲོས་མོལ་བྱས་ཡོད། ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་པའི་རྗེས་སུ་སྲིད་འཛིན་ཕུ་ཀྲིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཀིམ་ཇུང་ཨུན་ལ་གྲོས་མོལ་ཅི་བྱུང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བཤད་འཆར་ཡོད། ང་ཚོས་ཨ་མི་རི་ཀའི་འགོ་ཁྲིད་ཚོ་ལའང་ཀིམ་ཇུང་ཨུན་ལ་གྲོས་མོལ་ཅི་བྱུང་གི་ཞིབ་ཕྲའི་གནས་ཚུལ་རྣམས་བཤད་ཆོག ཨུ་རུ་སུའི་ལངས་ཕྱོགས་ནི་ཕྱི་གསལ་ནང་གསལ་དང་སྦ་གསང་མེད་པ། ང་ཚོས་ལྐོག་གཡོ་ངན་ཇུས་ཀྱི་རིགས་གང་ཡང་བཤམས་མེད་ཅེས་སྲིད་འཛིན་ཕུ་ཀྲིན་གྱིས་གསར་འགོད་པ་ཚོར་བཤད་འདུག

ཨུ་རུ་སུའི་དཔལ་འབྱོར་ཉམས་ཞིབ་སློབ་གྲྭའི་ཉམས་ཞིབ་པ་དང་ཝྭ་སི་ལི་ཀ་ཤིན་གྱིས་ཀིམ་ཇུང་ཨུན་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་བྱས་པ་བྱང་ཀོ་རི་ཡ་འུ་ཐུག་གི་གནས་སུ་ལྷུང་ཡོད་པ་མཚོན་ཐུབ། ཡིན་ནའང་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་ཤུགས་རྐྱེན་ཅི་ཡང་ཐེབས་མི་ཐུབ། ད་ལྟ་ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་བ་ཧ་ཅང་སྡུག་པོ་ཡོད་པའི་སྐབས་འདིར་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་སྐུལ་ལྕག་ཐེབས་ཐུབ་རྒྱུ་ཁག་པོ་རེད་ཅེས་བརྗོད། ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོས་ཀིམ་ཇུང་ཨུན་གྱིས་སྲིད་འཛིན་ཕུ་ཀྲིན་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་པ་ནི་ཨུ་རུ་སུ་རྒྱལ་སྤྱིའི་ཐོག་ཏུ་གནད་འགག་ཆེ་བའི་རྒྱ་ཁབ་ཅིག་ཡིན་པ་ར་སྤྲོད་བྱུང་བ་རེད་ཅེས་བཤད། ཀིམ་ཇུང་ཨུན་དང་ཕུ་ཀྲིན་གྱི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་ཤིག་འཐོན་རྒྱུ་ཡོད་ཚེ། དེང་སྐབས་ཨུ་སུ་རུའི་ས་ཐོག་ཏུ་བྱང་ཀོ་རི་ཡའི་ངལ་རྩོལ་བ་ཁྲི་ཚོ་༡་ཡོད་པ་དེ་རྣམས་ལོ་མཇུག་འདིར་རང་ཡུལ་ལ་ཕྱིར་སློག་བྱ་མི་དགོས་པ་དང་། བྱང་ཀོ་རི་ཡའི་ངལ་རྩོལ་བ་དེ་དག་གི་གླ་ཕོགས་རྣམས་བྱང་ཀོ་རི་ཡའི་གཞུང་ལ་ཕྱི་རྒྱལ་གྱི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་ལའང་བྱང་ཀོ་རི་ཡའི་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་དུ་འཇུག་སྲིད། ཡིན་ནའང་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པས་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་བྱང་ཀོ་རི་ཡར་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་རེད།།

XS
SM
MD
LG