༄༅།། ཉེ་ཆར་སིངྒ་ལའི་ཡེ་ཤུའི་ལྷ་ཁང་ཁག་དང་མགྲོན་ཁང་འགའ་ཞིག་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་རིམ་པ་ཞིག་བྱས་ནས་མི་༣༥༠་ལྷག་བསད་པ་དང་མི་༦༠༠་ཡས་མས་ཤིག་རྨས་པ་རེད། སྲིད་འཛིན་སི་རི་སེ་ནའི་གཞུང་གིས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་མེད་པ་དང་། ཨ་མི་རི་ཀ་དང་རྒྱ་གར་གྱི་གསང་བའི་ལས་ཁང་ཁག་གིས་སིངྒ་ལའི་གཞུང་ལ་འཇིགས་སྐུལ་རིང་ལུགས་པ་ཚོས་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་སྐབས་སུ་གཏོར་རྒོལ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་སྔོན་བརྡ་བཏང་རུང་། སིངྒ་ལའི་གཞུང་གིས་ཨ་མི་རི་ཀ་དང་རྒྱ་གར་གྱི་ཉེན་བརྡ་སོགས་ལ་སྣང་མེད་བཏང་བའི་སྐྱོན་བརྗོད་དྲག་པོ་ཕོག་གི་ཡོད་ཅིང་། དེར་བརྟེན་གཟའ་ལྷག་པའི་ཉིན་སྲིད་འཛིན་སེ་ར་སི་ནས་སིངྒ་ལའི་བདེ་འཇགས་འགོ་གཙོ་གཉིས་གནས་དབྱུང་སྟེ་རང་སྲོག་བློས་གཏོང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་ཤེས་ཡོན་སློབ་སྦྱོང་གང་ལེགས་ཐོབ་འདུག ད་དུང་ཡང་སིངྒ་ལར་གཏོར་རྒོལ་འབྱུང་སྲིད་པ་དང་ཆོས་ལུགས་གྲུབ་མཐའི་བར་དུ་འགལ་ཟླ་བསླངས་ནས་ཟིང་འཁྲུག་སློང་རྒྱུའི་ཉེན་ཀ་ཡོད། སིངྒ་ལའི་གཞུང་གིས་མུ་མཐུད་དུ་དོགས་ཅན་མི་སྣ་ཁག་འཛིན་བཟུང་དང་རྩད་གཅོད་བྱ་རྒྱུ་མཚམས་འཇོག་གི་མིན་ཞེས་བསྒྲགས།།
སིངྒ་ལར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་གྱི་ཉེན་ཀ་ཞི་འཇམ་ཕྱིན་མེད་ཅེས་བཤད་པ་དང་སིངྒ་ལའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་གཟའ་ཉི་མའི་གཏོར་རྒོལ་ལ་འབྲེལ་བ་ཡོད་པའི་མི་ཁག་ཅིག་ཡིབ་སྐུང་བྱེད་ཡོད་སྲིད་ཅེས་བཤད། ཕྱི་ཟླ་༤་ཚེས་༢༡་ཉིན་སིངྒ་ལའི་འབྱོར་འབྲིང་ཁྱིམ་ཚང་གི་བུ་ཕྲུག་དང་ཤེས་ཡོན་སློབ་སྦྱོང་གང་ལེགས་ཐོབ་པའི་ན་གཞོན་རང་སྲོག་བློས་གཏོང་བ་དགུས་ཡེ་ཤུའི་ལྷ་ཁང་ཁག་དང་མགྲོན་ཁང་སོགས་ལ་གཏོར་རྒོལ་བྱས་ཡོད་པ་རྩད་ཆོད་འདུག ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་བརྙན་འཕྲིན་ཞིག་དྲྭ་ལམ་དུ་བཀྲམ་ནས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་པ་དང་ཟླ་བ་སྔོན་མར་མི་རིགས་དཀར་པོ་མཆོག་འཛིན་པ་ཞིག་གིས་ནེའུ་ཛི་ལན་ཌིའི་ཁ་ཆེ་ལྷ་ཁང་གཉིས་ལ་གཏོར་རྒོལ་བྱས་པ་དེར་ལན་པ་སློག་པ་ཡིན་ཞེས་བཀྲལ། སིངྒ་ལའི་གཞུང་འབྲེལ་མི་སྣ་ཚོས་རང་སྲོག་བློས་གཏོང་བ་དགུའི་ནང་གི་གཅིག་བུད་མེད་ཡིན་པ་དང་ཁོ་ཚོ་ཚང་མ་སིངྒ་ལའི་སྤྱི་དམངས་ཡིན། འོན་ཀྱང་འཇིགས་སྐུལ་རིང་ལུགས་པ་དེ་དག་ལ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་འབར་མདེལ་བཟོ་སྟངས་བསླབས་ཡོད་མེད། ཁ་ཆེ་རྒྱལ་ཁམས་ཀྱིས་ལན་ཁག་ངོས་ལེན་བྱས་པ་ལྟར་ངོ་མར་སིངྒ་ལའི་གཏོར་རྒོལ་ལ་འབྲེལ་བ་ཅི་ཙམ་ཡོད་མེད་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།།
ད་སྔ་ཕན་ཆད་ལ་སིངྒ་ལའི་གཞུང་གིས་མི་༦༠་ལྷག་འཛིན་བཟུང་བྱས་ཀྱང་གཏོར་རྒོལ་དེར་འབྲེལ་བ་ཡོད་པའི་མི་ཁག་ཅིག་རྙེད་ཀྱི་མེད་ཅིང་། ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གི་མཁས་པ་ཚོ་སིངྒ་ལར་ཆེད་རྫོང་བྱས་ནས་གཏོར་རྒོལ་དེའི་ཞིབ་འཇུག་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གཞུང་ཚབ་པས་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་གྱི་ཇུས་གཤོམ་མུ་མཐུད་དུ་བྱེད་ཀྱི་ཡོད་སྲིད་ཅེས་དོགས་པ་བསླངས། སིངྒ་ལའི་སྲུང་སྐྱོབ་བློན་ཆེན་གྱིས་ང་ཚོས་མི་དམངས་ལ་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ད་ནས་ཉིན་ཤས་རྗེས་སུ་སིངྒ་ལའི་གཞུང་གིས་གང་ཅིའི་ཐད་དུ་སྟངས་འཛིན་ནན་པོ་བྱེད་ཐུབ་པ་དང་སྤྱི་ཚོགས་ཀྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱེད་ཐུབ། ང་ཚོས་ཚོད་དཔག་བྱས་ན་རང་སྲོག་བློས་གཏོང་གི་གཏོར་རྒོལ་དེའི་འགོ་ཁྲིད་ཚོ་ཤི་ཟིན་པ་དེ་དག་གི་གྲས་སུ་འདུག ཁོ་ཚོར་ཤེས་ཡོན་སློབ་སྦྱོང་གང་ལེགས་ཐོབ་ཡོད་པ་དང་རང་སྲོག་བློས་གཏོང་བ་གཅིག་གིས་དབྱིན་ཡུལ་དུ་སློབ་སྦྱོང་བྱས་པ་དང་ཕྱིས་སུ་ཨོ་གླིང་རྒྱལ་ཁབ་ཏུ་མཐོ་རིམ་གྱི་སློབ་གཉེར་བྱས་པའི་རྗེས་སུ་སིངྒ་ལར་ཕྱིར་ལོག་བྱས་འདུག རང་སྲོག་བློས་གཏོང་བ་དེ་རྣམས་སིངྒ་ལའི་ས་གནས་གང་ས་ནས་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་རུང་འགོ་ཁྲིད་དེའི་མིང་ལ་མོ་ཧ་མེ་ཐེ་ཛ་ཧ་རན་ཟེར་གྱི་ཡོད་མེད། རང་སྲོག་བློས་གཏོང་བ་བུད་མེད་དེ་དང་རོགས་པ་ཚོའི་མིང་ལ་ཅི་ཞིག་ཟེར་གྱི་ཡོད་མེད། ཁོ་ཚོའི་ཕ་མ་དང་ཁྱིམ་ཚང་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད།།
གཟའ་མིག་དམར་ཉིན་ཁ་ཆེ་རྒྱལ་ཁམས་ཀྱི་སྒྲིག་འཛུགས་དེས་བརྙན་འཕྲིན་ཞིག་དྲྭ་ལམ་དུ་བཀྲམ་ནས་མོ་ཧ་མེ་ཐེ་ཛ་ཧ་རན་གྱིས་འགོ་ཁྲིད་པའི་གདོང་འབོག་གྱོན་པའི་དྲག་སྤྱོད་པ་ཁག་ཅིག་ཁ་ཆེའི་རྒྱལ་ཁམས་ལ་གཞུང་དྲང་བློ་དཀར་ཡིན་ཞེས་དམ་བཅའ་འཇོག་གི་ཡོད་པའི་བརྙན་ཐུང་ཞིག་བསྟན། སིངྒ་ལའི་གཞུང་གིས་ཐེངས་འདིའི་གཏོར་རྒོལ་ལ་ཁ་ཆེ་རྒྱལ་ཁམས་ངོ་མར་འབྲེལ་བ་ཅི་ཙམ་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། སིངྒ་ལའི་གཞུང་གིས་རང་སྲོག་བློས་གཏོང་བ་དེ་རྣམས་དཀྱིལ་ཤར་ས་ཁུལ་དུ་འགྲུལ་བཞུད་བྱས་པ་རྩད་གཅོད་ཐུབ་ཀྱི་མེད་པར་བརྟེན། ཉེ་ཆར་ཨ་མི་རི་ཀ་དང་སི་རི་ཡའི་དམངས་གཙོའི་འཐབ་མོ་བ་སོགས་ཀྱིས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེའི་རྒྱལ་ཁམས་ཀྱི་སྒྲིག་འཛུགས་མཐར་སྐྲོད་བཏང་སྟེ་ཁ་འཐོར་སོང་ཡོད། དེས་ན་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་རང་གི་སྒྲིག་འཛུགས་དེར་ཕམ་ཉེས་བྱུང་མེད་པ་སྟོན་ཐབས་སུ་སིངྒ་ལའི་གཏོར་རྒོལ་ལ་འབྲེལ་བ་ཡོད་ཅེས་འུར་སྒྲོགས་བྱེད་ཀྱི་ཡོད་པ་ཡིན་སྲིད། སིངྒ་ལའི་གཏོར་རྒོལ་དེར་ཁ་ཆེ་རྒྱལ་ཁམས་འབྲེལ་བ་ཡོད་མེད་ལ་ཁྱད་པར་མེད། གང་ལྟར་ཁ་སྔོན་གཟའ་ཉི་མའི་ཉིན་ཡེ་ཤུའི་ལྷ་ཁང་གསུམ་དང་མགྲོན་ཁང་གསུམ་ལ་དུས་མཉམ་དུ་གཏོར་རྒོལ་བྱུང་བ་དང་ཉིན་དེའི་ཕྱི་དྲོར་རྒྱལ་སའི་མཐའ་མཚམས་སུའང་མགྲོན་ཁང་ཞིག་དང་ཁྱིམ་ཚང་ཞིག་གི་ཁང་པར་གཏོར་རྒོལ་ཕོག ད་ལྟ་གསར་འགོད་པ་དང་ཉམས་ཞིབ་པ་ཚོས་གཟའ་ཉི་མའི་གཏོར་རྒོལ་དེར་སིངྒ་ལའི་དགུ་པའི་༡༡་གི་གཏོར་རྒོལ་ཞེས་༢༠༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱུང་བ་དེར་དཔེ་མཚོན་འགོད་ཀྱི་ཡོད་པ་རེད།།
སྲིད་འཛིན་སེ་ར་སི་ནས་རྒྱལ་ཁབ་དེའི་བདེ་འཇགས་འགོ་གཙོ་གཉིས་གནས་དབྱུང་བཏང་རུང་མང་ཚོགས་ཀྱིས་སྲིད་གཞུང་ལ་སྡང་ཟུག་བྱ་རྒྱུ་མཚམས་ཆོད་མེད། འདས་པའི་ཉིན་ཤས་རིང་ལ་སིངྒ་ལའི་ཡེ་ཤུའི་ལྷ་ཁང་ཁག་ཏུ་མང་ཚོགས་ཀྱིས་མྱ་ངན་བྱས་ནས་འདས་པོ་ཚོར་དུར་འཇུག་གི་ཆོ་ག་བསྒྲུབས། མཚམས་རེར་མི་ཚོས་ཁོང་ཁྲོ་འགོག་མ་ཐུབ་པར་སྐད་བརྒྱབ་ནས་ཉེན་རྟོག་པར་སྡིགས། མིང་འདོན་མ་བྱས་པའི་རྒྱ་གར་གྱི་གསང་བའི་ལས་ཁང་གི་ལས་སྣེ་ཞིག་གིས་ང་ཚོས་ཁ་ཆེ་རྒྱལ་ཁམས་ལ་འབྲེལ་བ་ཡོད་པའི་མི་ཞིག་ལ་ན་ནིང་འདྲི་གཅོད་བྱས་པ་ཡིན། ཁོ་པར་སྐུ་ཞབས་ཛ་ཧ་རན་གྱིས་དྲྭ་ལམ་དུ་བཀྲམ་པའི་བརྙན་འཕྲིན་གྱིས་སྐུལ་ལྕག་ཐེབས་སོང་ཟེར་གྱིན་འདུག ང་ཚོས་ཕྱི་ཟླ་༤་ཚེས་༡༡་ནས་སིངྒ་ལའི་གཞུང་ལ་མོ་ཧེ་མེ་ཐེ་ཛ་ཧ་རན་ཞེས་པ་དེར་དོགས་ཟོན་བྱ་དགོས་ཀྱིན་འདུག་ཅེས་གསང་བརྡ་བསྐྱལ་བ་ཡིན་ཞེས་བཤད། སིངྒ་ལའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་སྲིད་འཛིན་སེ་ར་སི་ནས་གཏོར་རྒོལ་གྱི་ཉེན་ཀ་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་མ་སོང་ཟེར་གྱི་ཡོད་པར་ཡིད་ཆེས་མེད། སྲིད་འཛིན་ལའང་རང་གི་ལས་འགན་འཐུས་ཤོར་སོང་བའི་ལན་ཁག་ཆེན་པོ་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།།