ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞིས་ཅིན་ཕིང་བདེ་ཐང་ཡིན་མིན་དང་རྗེས་འཛིན་པ་ངེས་མེད།


༄༅།། ཉེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་པའི་དུས་སུ་ཡུ་རོབ་རྒྱལ་ཁབ་ཁག་གིས་ཞིས་ཅིན་ཕིང་ལ་ཕེབས་བསུ་གཟབ་རྒྱས་ཀྱི་མཛད་སྒོ་ཚོགས་པ་དང་གསོལ་སྟོན་རྒྱས་གཤོམ་བྱས་ཏེ་ཞིས་ཅིན་ཕིང་གི་མཚན་མཐོང་རྒྱལ་སྤྱིའི་ཐོག་ཏུ་མཐོར་འདེགས་ཆེན་པོ་བྱུང་བ་རྒྱ་ནག་གི་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིང་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་ཚད་མཐོའི་ཕེབས་བསུ་དང་སྣེ་ལེན་ཞུས་པ་ཁྱབ་བསྒྲགས་ཆེན་པོ་བྱས་འདུག ཡིན་ནའང་ནུབ་ཕྱོགས་ཀྱི་གསར་འགོད་པ་ཚོར་ཞིས་ཅིན་ཕིང་བདེ་ཐང་མེད་པའི་དོགས་པ་ཆེན་པོ་བྱུང་ཡོད་པ་སྟེ། ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་དང་མོ་ན་ཀོ ཧྥ་རན་སི་བཅས་ཀྱིས་ཞིས་ཅིན་ཕིང་ལ་དམག་གྲྭ་བསྒྲིགས་ནས་ཕེབས་བསུ་ཞུས་དུས་ཞིས་ཅིན་ཕིང་དུས་རྒྱུན་ལྟར་གོམ་པ་སྤོ་ཐུབ་ཀྱི་མེད་པ་དང་ཧྥ་རན་སིའི་སྲིད་འཛིན་ལ་ཐུག་འཕྲད་གྲོས་མོལ་སྐབས་སུ་ཞིས་ཅིན་ཕིང་གིས་ལག་པ་གཉིས་ཀ་རྐུབ་བཀྱག་གི་ལག་སྐྱོར་ཐོག་ཏུ་བཙུགས་ནས་མར་སྡོད་དགོས་བྱུང་བ། ཞིས་ཅིན་ཕིང་རྒྱགས་དྲགས་ནས་གོམ་པ་སྤོ་ཐུབ་ཀྱི་མེད་པ་དང་རྐུབ་བཀྱག་ཐོག་ཏུ་བདེ་བླག་ངང་དུ་སྡོད་ཐུབ་ཀྱི་མེད་པ་བཅས་ཀྱིས་རྒྱ་ནག་གི་སྲིད་དོན་ཉམས་ཞིབ་པ་དང་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་ཁག རྒྱ་ནག་ཉམས་ཞིབ་པ་བཅས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་ལུས་ཁམས་བདེ་ཐང་ཡིན་མིན། གལ་སྲིད་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་འཛིན་མ་ཐུབ་ན་ཁོ་པར་རྗེས་འཛིན་པ་ཞིག་གཏན་ཁེལ་མེད་པས་རྒྱ་ནག་གི་ཆབ་སྲིད་ཁ་ཕྱོགས་གང་ལ་འགྱུར་རྒྱུ་ཡིན་མིན་བཅས་ལ་དོགས་གཅོད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།།

ད་ལོའི་ཕྱི་ཟླ་༦་པར་ཞིས་ཅིན་ཕིང་ལོ་ན་༦༦་ལ་སོན་གྱི་ཡོད་པ་དང་ཕྱི་རྒྱལ་གྱི་རྒྱ་སྐད་གསར་འགྱུར་ལས་ཁང་ཁག་གིས་ཞིས་ཅིན་ཕིང་བདེ་ཐང་ཡིན་མིན་ལ་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་ནང་ཁུལ་དུ་ཞིས་ཅིན་ཕིང་དུས་རྒྱུན་ལྟར་གོམ་པ་སྤོ་ཐུབ་ཀྱི་མེད་པ་དང་རྐུབ་བཀྱག་ཐོག་ཏུ་དཀའ་ངལ་མེད་པར་སྡོད་ཐུབ་ཀྱི་མེད་པའི་བརྙན་འཕྲིན་དེར་སྒེར་གྱི་སྤྱི་ཚོགས་དྲྭ་རྒྱ་ཁག་དང་ཁ་བརྡའི་གླེང་སྟེགས་ཁག་ཏུ་གླེང་སློང་ཅུང་ཙམ་བྱུང་འདུག དེང་སྐབས་བགྲེས་ཡོལ་དུ་བཞུགས་ཡོད་པའི་པེ་ཅིང་གི་སྲིད་དོན་རིག་པའི་སློབ་དཔོན་ཟུར་པ་ཞིག་གིས་མི་ཚང་མས་སྐད་ཆ་མང་པོ་ཞིག་བཤད་ཕོད་ཀྱི་མི་འདུག འོན་ཀྱང་མི་ཚང་མར་ཐུན་མོང་གི་ལྟ་ཚུལ་གཅིག་མཚུངས་ཤིག་ཡོད་པ་དངོས་བདེན་རེད་ཅེས་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་གྱི་གསར་འགོད་པར་བཤད། ཞིས་ཅིན་ཕིང་བདེ་ཐང་ཡིན་མིན་ལ་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁག་གིས་དོགས་གཅོད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པར་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་འགྲེལ་བཤད་གང་ཡང་བརྒྱབ་མེད་པར་མ་ཟད། རྒྱ་ནག་གཞུང་ལ་རང་གི་མཐོ་རིམ་འགོ་ཁྲིད་ཚོ་བདེ་ཐང་ཡིན་མིན་གྱི་གསར་འགྱུར་སྤེལ་སྲོལ་མེད་པས་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་དང་ཉམས་ཞིབ་པ། གསང་བའི་ལས་ཁང་དང་གསར་འགོད་པ་སོགས་ཀྱིས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གི་རྗོད་ཚིག་དང་མཐོ་རིམ་འགོ་ཁྲིད་ཚོ་བརྙན་ལམ་དུ་མཐོང་རྒྱུ་ཡོད་མེད། ཁོ་ཚོ་བརྙན་འཕྲིན་ནང་དུ་ཐོན་ན་ལུས་པོའི་འཁྱེར་སྟངས་དང་གདོང་གི་རྣམ་འགྱུར་ལ་བལྟས་ནས་ལུས་ཁམས་བདེ་ཐང་ཡིན་མིན་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།།

ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་ལས་དུས་གཉིས་རེའི་མཚམས་ནས་འཕོ་འགྱུར་གཏོང་དགོས་པའི་ཏིན་ཞའོ་ཕིང་གི་ལམ་སྲོལ་དེ་ཉིད་མེད་པར་བཏང་སྟེ་རང་ལ་རྒྱ་ནག་གི་སྲོག་ཤིང་འགོ་ཁྲིད་ཀྱི་ཆོ་ལོ་བསྩལ། ཁོ་པས་རྒྱ་ནག་ལ་སླར་ཡང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་སྲ་བརྟན་བཏང་ཡོད་པས་མི་མང་པོ་ཞིག་ལ་ཞིས་ཅིན་ཕིང་གིས་སྲིད་དབང་ནུས་པ་ཐོན་པ་སྐྱོང་མ་ཐུབ་ན་མའོ་ཙེ་ཏུང་གི་ཚེ་མཇུག་ལྟར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་སླར་ཡང་དབང་རྩོད་བྱུང་ནས་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། པེ་ཅིང་དུ་གནས་འཁོད་རང་ཐད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཀྲང་ལི་ཧྥན་གྱིས་ཞིས་ཅིན་ཕིང་གིས་རང་གི་རྗེས་འཛིན་པ་ཞིག་གཏན་ཁེལ་བྱེད་དུ་འཇུག་མེད་པ་དེས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་གཉིས་ཀར་དཀའ་ངལ་སྤྲོད་སྲིད། རྗེས་འཛིན་པ་ཞིག་བསྐོ་བཞག་མི་བྱེད་པའི་ལམ་སྲོལ་དེར་ཉེན་ཀ་ཅི་ཞིག་ཡོད་ཟེར་ན་འགོ་ཁྲིད་དེར་ནད་མནར་འབྱུང་མི་ཉན་པ་དང་རྒྱལ་ཁབ་འཛིན་སྐྱོང་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་མི་ཉན། གལ་སྲིད་ནད་མནར་བྱུང་བ་དང་ལས་འགན་ཚུལ་བཞིན་བསྒྲུབ་མ་ཐུབ་ན་དཀྲོག་གཏམ་སྒྲོགས་ནས་འགོ་ཁྲིད་དེའི་མཚན་མཐོང་ལ་གནོད་ཅེས་བཤད་འདུག

སྔ་ལོ་ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ལས་དུས་ཚད་བཀག་མེད་པར་བཏང་སྟེ་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་ཁྱབ་བསྒྲགས་བྱས་ནས་བཟུང་། ཕྱི་རྒྱལ་གྱི་གསང་བའི་ལས་ཁང་ཁག་གིས་ཞིས་ཅིན་ཕིང་གི་ལུས་ཁམས་བདེ་ཐང་ཡིན་མིན་ལ་རྟོག་ཞིབ་གཟབ་ནན་དང་ནུབ་ཕྱོགས་པའི་གསང་བའི་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་རྗེས་འཛིན་པ་བསྐོ་བཞག་བྱེད་ཕྱོགས་ཀྱི་ལམ་སྲོལ་སྲ་བརྟན་ཞིག་མི་འདུག ཞིས་ཅིན་ཕིང་མེད་པར་གྱུར་ན་རྒྱ་ནག་ལམ་ཕྱོགས་འདི་འདྲ་ཞིག་ལ་བསྐྱོད་རྒྱུ་ཡིན་པའི་ཁ་ཚོན་གཅོད་དཀའ་ཞེས་བཤད། ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལྷན་ཁང་དང་རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གཉིས་ལ་ཞིས་ཅིན་ཕིང་བདེ་ཐང་ཡིན་མིན་དོགས་གཅོད་ཞུས་ཀྱང་ལན་འདེབས་བྱས་མེད་ཅིང་། ལོ་རྒྱུས་ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་འགོ་ཁྲིད་འདེམས་བསྐོ་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་ཚུགས་ཐུབ་མེད། མའོ་ཙེ་ཏུང་གི་རྗེས་འཛིན་པ་གཅིག་བཙོན་ཁང་དུ་ཤི་བ་དང་གཅིག་ལ་རྒྱལ་ཚོང་བའི་ཉེས་མིང་བཏགས་ནས་གནམ་གྲུ་བརྡབས་ཏེ་འཆི་སྐྱོན་བྱུང་། ༡༩༧༦་ལོར་མའོ་ཙེ་ཏུང་ཤི་བའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རྗེས་འཛིན་པ་བསྐོ་བཞག་བྱེད་ཕྱོགས་ལ་གྲོས་བསྡུར་བྱས་ནས་ཏིན་ཞའོ་ཕིང་གིས་འགོ་ཁྲིད་མཉམ་འབྲེལ་གྱིས་སྲིད་དབང་འཛིན་པའི་ལམ་སྲོལ་ཞིག་གསར་དུ་གཏད། ༡༩༨༢་ལོར་རྒྱ་ནག་གི་འགོ་ཁྲིད་ཚོས་ལས་དུས་གཉིས་ལས་སྲིད་དབང་འཛིན་མི་ཆོག་པའི་དུས་བཀག་གཏན་ལ་ཕབ། ཏིན་ཞའོ་ཕིང་གི་རྗེས་སུ་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་གཉིས་ཀས་ལས་དུས་གཉིས་རིང་རྒྱ་ནག་གི་སྲིད་དབང་བཟུང་། འོན་ཀྱང་༢༠༡༧་ལོར་ཞིས་ཅིན་ཕིང་གིས་རྗེས་འཛིན་པ་ཞིག་གཏན་ཁེལ་མ་བྱས་པ་དང་ན་ནིང་རྒྱ་ནག་གི་འགོ་ཁྲིད་ཚོར་སྲིད་དབང་འཛིན་པའི་ལས་དུས་ཚད་བཀག་ཡོད་པ་མེད་པར་བཏང་སྟེ་ཞིས་ཅིན་ཕིང་རྒྱ་ནག་གི་གོང་མ་གསར་པ་ལྟ་བུ་ཞིག་ཏུ་གྱུར།།

ཨ་རིའི་བྷོ་སི་ཊོན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཧྥིའུ་སི་མཱི་ཐེ་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་བདེ་ཐང་མ་བྱུང་ན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་དབང་རྩོད་འབྱུང་རྒྱུ་ཉག་ཅིག་ཡིན། ད་དུང་ཡང་རྒྱ་ནག་གི་འགོ་ཁྲིད་ཚོར་རྗེས་འཛིན་པ་བསྐོ་བཞག་བྱེད་ཕྱོགས་ལ་བསྐྱར་དུ་གྲོས་བསྡུར་བྱ་དགོས་ཐུག་སྲིད། གྲོས་བསྡུར་དེ་དག་ཡག་པོ་དང་མཐུན་པོ། ཞི་འཇམ་ཞིག་ཡོང་ཐུབ་པའི་ངེས་པ་གཏན་ནས་མེད་ཅེས་བཤད། ཞིས་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་ཡིན་པའི་སྟབས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དབུས་དམག་དོན་གཙོ་འཛིན། རྒྱལ་ཁབ་ཀྱི་གཙོ་འཛིན་བཅས་ཀྱི་གོ་གནས་བཟུང་ཡོད་པས་རྒྱ་ནག་གི་འགྲོ་ལུགས་ལྟར་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་མ་གཏོགས་རྗེས་འཛིན་པ་གཏན་ཁེལ་བྱ་མི་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དབུས་དམག་དོན་གཙོ་འཛིན་གྱི་གོ་གནས་གཉིས་སྲིད་འཛིན་ཟུར་པ་དེས་སྔར་བཞིན་འཛིན་ཆོག་པས་རྒྱ་ནག་གི་དོན་དམ་གྱི་སྲིད་དབང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དབུས་དམག་དོན་གཙོ་འཛིན་གྱི་ལག་ཏུ་ཡོད། དཔེར་ན་ཏིན་ཞའོ་ཕིང་གིས་ནམ་ཡང་རྒྱ་ནག་གི་གཙོ་འཛིན་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་བཟུང་མེད་ཀྱང་༡༩༨༩་བར་དུ་དབུས་དམག་དོན་གཙོ་འཛིན་གྱི་གོ་གནས་བློས་བཏང་མེད། ཧོང་ཀོང་སློབ་གྲྭ་ཆེན་མོའི་སྲིད་དོན་ཉམས་ཞིབ་པ་མན་ནུལ་གྱིས་ཞིས་ཅིན་ཕིང་གྲོངས་པ་ཡིན་ན་རྒྱ་ནག་གི་འགོ་ཁྲིད་དེར་རྗེས་འཛིན་པ་ཞིག་བསྐོ་བཞག་བྱེད་པའི་ཐབས་ལམ་སྟབས་བདེ་ཞིག་རྙེད་དཀའ། ནང་ཁུལ་གྱི་དབང་རྩོད་ཇེ་ཆེར་སོང་སྟེ་ཤོག་ཁག་གསར་པ་བསྒྲིགས་རྒྱུ་དང་ཆབ་སྲིད་ཀྱི་ནང་ཚོང་རྒྱག་རྒྱུ་ལྡོག་ཏུ་མེད་ཅེས་བཤད་འདུག

XS
SM
MD
LG