ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ཏུ་ཚོང་ལས་གཉེར་མཚམས་འཇོག་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་རྒྱལ་སྤྱིའི་དྲྭ་ལམ་བཟོི་ཚོང་ཁང་ཆེ་གྲས་ཨ་མ་ཟོན་གྱིས་རྒྱ་ནག་གི་ནང་དུ་དྲྭ་ལམ་ཚོང་ལས་ཀྱི་བྱེད་སྒོ་ཁག་ཡུན་རིང་མི་འགྱངས་པར་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག ད་ལྟ་ཨ་རིའི་དྲྭ་ལམ་བཟོ་ཚོང་ཁང་ཡང་རྩེར་སོན་ཡོད་པའི་ཨ་མ་ཟོན་གྱིས་འཛམ་གླིང་སྟེང་གི་དྲྭ་ལམ་ཚོང་རའི་ཆེ་ཆུང་ནི་ཨང་རིམ་གཉིས་པ་ཟིན། ཨ་མ་ཟོན་བཟོ་ཚོང་ཁང་གིས་རྒྱ་ནག་ཏུ་ཚོང་ལས་ཀྱི་བྱེད་སྒོ་ཁག་ཕྱིར་འཐེན་བྱ་དགོས་པའི་རྒྱུ་མཚན་ནི་བཟོ་ཚོང་ཁང་དེས་རྒྱ་ནག་ཏུ་ལོ་༡༠་ལྷག་ལ་ཚོང་ལས་གཉེར་ཀྱང་དེའི་རིང་དུ་དྲྭ་ལམ་ཚོང་རའི་ནང་དུ་ཚོང་རྫས་ལོངས་སྤྱོད་བྱེད་མཁན་མང་པོ་བྱུང་མེད་པའི་སྟབས་ཀྱིས་ཚོང་ལས་ཀྱི་བྱེད་སྒོ་ཁག་མཚམས་འཇོག་བྱེད་ཀྱི་ཡོད་ཅེས་བཀྲལ།།

སྤྱིར་རྒྱ་ནག་གི་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་ཀྱང་ན་ནིང་ཨ་མ་ཟོན་གྱི་དྲྭ་ལམ་ཚོང་ར་བརྒྱུད་ནས་རྒྱ་ནག་གི་འགྲེམ་ཚོང་བྱས་པའི་ཚོང་རྫས་ཀྱི་བསྡོམས་འབོར་ཨ་སྒོེར་དུང་ཕྱུར་༡༣༨༠༠༠༠༠༠༠༠་ཟིན་ཡོད་པ་དེས་ཨ་མ་ཟོན་གྱི་འཛམ་གླིང་ཡོངས་སུ་ཚོང་སྒྱུར་བྱས་པའི་ཉོ་ཚོང་གི་ཚད་གཞི་ལ་བསྡུར་ན་བརྒྱ་ཆའི་༦་མ་གཏོགས་ཟིན་མེད། རྒྱ་ནག་ནས་ཨ་མ་ཟོན་གྱི་དྲྭ་ལམ་ཚོང་རའི་ནང་དུ་ཕྱིར་ཚོང་བྱས་པའི་ཚད་གཞི་ནི་ཉི་ཧོང་ལས་ཀྱང་ཉུང་བ་ཡོད། མ་འོངས་པར་ཨ་མ་ཟོན་བཟོ་ཚོང་ཁང་གིས་རྒྱ་ནག་ཏུ་ཚོིང་ལས་གཉེར་རྒྱུ་མཚམས་བཞག་ན་རྒྱ་ནག་པ་ཚོས་ཨ་མ་ཟོན་གྱི་དྲྭ་ལམ་དུ་ཚོང་རྫས་ཉོ་དགོས་ན་ཨ་རི་དང་དབྱིན་ཡུལ། འཇར་མན་ཎི། ཉི་ཧོང་བཅས་ཀྱི་དྲྭ་ལམ་ཚོང་ར་བརྒྱུད་ནས་ཉོ་དགོས་ཐུག་གི་ཡོད་ཅིང་། ཨ་མ་ཟོན་བཟོ་ཚོང་ཁང་གིས་ཐོག་མར་སྤྱི་ལོ་༢༠༠༤་ལོར་ཨ་སྒོར ༧༥༠༠༠༠༠་འགྲོ་སོང་བཏང་ནས་ཇཱོ་ཡོ་ཞེས་པའི་རྒྱ་ནག་གི་དྲྭ་ལམ་དཔེ་དེབ་ཚོང་འགྲེམ་བྱ་ཡུལ་དེ་ཉོས་ནས་སྤྱི་ལོ་༢༠༡༠་ལོར་ཇཱོ་ཡོ་དྲྭ་ཚིིགས་ཀྱི་ཁ་བྱང་དེ་རྒྱ་ནག་གི་ཨ་མ་ཟོན་ཞེས་བསྒྱུར། ཨ་མ་ཟོན་ལ་མཚོན་ན་རྒྱ་ནག་ཏུ་ཕྱིིའི་རྒྱལ་ཁབ་ཀྱི་དྲྭ་ལམ་བཟོ་ཚོང་ཁང་གཞན་དག་དང་བསྡུར་ན་ཚོད་འཛིན་ཆེན་པོ་བྱེད་ཀྱི་མེད་པར་གུ་ཡངས་ལ་བཏང་ཡོད་ཀྱང་རྒྱ་ནག་རང་དུ་ཡོད་པའི་དྲྭ་ལམ་ཚོང་ར་ཆེ་ཤོས་ཨ་ལི་བྷ་བྷ་དང་ཅིན་ཏུང་སོགས་ཀྱིས་ཛ་དྲག་གི་འགྲན་རྩོད་ཆེ་ཞིང་། རྒྱ་ནག་གི་དམིགས་བསལ་ཅན་གྱི་ཁྲོམ་རའི་དགོས་མཁོ་བཅས་ཀྱི་འོག་ཏུ་ཨ་མ་ཟོན་ལ་ཁེ་ཕན་ཆེན་པོ་ཐོབ་མེད། རྒྱ་ནག་གི་ཁྲོམ་ར་དེ་ཅ་ལག་གི་གོང་ཚད་ལ་ཚོར་བ་རྣོན་པོ་ཡོད་པར་མ་ཟད། ཚོང་རྫས་རྣམས་བྲེལ་མྱུར་གྱིས་དུས་ཐོག་ཏུ་སྐྱེལ་ཐུབ་དགོས་པ་སོགས་ཀྱི་དགོས་མཁོི་རྣམས་ཨ་མ་ཟོན་གྱིས་སྐོང་དཀའ། ཨ་མ་ཟོན་ལ་རང་བདག་གི་ཚོང་རྫས་སྐྱེལ་འདྲེན་སྡེ་ཚན་ཡོད་ཀྱང་རྒྱ་ནག་གི་ཨ་ལི་བྷ་བྷ་སོགས་ལ་ས་གནས་གང་སར་གོང་ཚད་ཆུང་བའི་ཚོང་ཟོག་སྐྱེལ་འདྲེན་སྡེ་ཚན་ཡོད་པས་ཨ་མ་ཟོན་གྱིས་ཨ་ལི་བྷ་བྷ་སོགས་ལ་འགྲན་རྩོད་བྱེད་དཀའ།།

རྒྱ་ནག་ཏུ་ཕྱི་རྒྱལ་གྱི་ཉོ་ཚོང་ཡོད་ཚད་ལམ་འགྲོ་རྒྱུག་གི་མེད་པ་དེ་འདྲ་ནི་མིན་པར་འཚིག་ཇ་བཟོ་ཚོང་ཁང་སི་ཊར་བྷག་དང་ལུས་རྩལ་གྱོན་གོས་ནེ་ཁི་ཚོང་ཁང་སོགས་ལ་མཚོན་ན་རྒྱ་ནག་ནི་ཨ་རིའི་བཟོ་ཚོང་ཁང་དེ་ད་གི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། གཞན་ཡང་ཨ་རིར་ཨ་མ་ཟོན་གྱི་འགྲན་རྩོད་བྱ་ཡུལ་ཆེ་ཤོས་ཆགས་ཡོད་པའི་ཝོལ་མར་ཊི་ཚོང་ཁང་ཆེན་མོར་མཚོན་ན་རྒྱ་ནག་གི་དྲྭ་ལམ་ཚོང་གཉེར་ཁང་ཏུང་ཅིན་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ཏུ་ཚོང་རྫས་མང་པོ་འགྲེམ་ཚོང་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གི་ཚོང་ར་ནས་ཕྱིར་འཐེན་བྱ་འཆར་ཡོད་པའི་ཨ་མ་ཟོན་དྲྭ་ལམ་བཟོ་ཚོང་ཁང་གི་ལས་ཁུངས་ཨ་མ་ནི་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེའི་སི་ཨ་ཊལ་གྲོང་ཁྱེར་དུ་ཚུགས། སྤྱི་ལོ་༡༩༩༤་ལོར་ཇཱེ་ཧྥུ་བྷེ་ཟོ་སི་བཟོི་ཚོང་ཁང་གསར་དུ་བཙུགས་ཏེ་ལོ་ཉི་ཤུ་རྩ་༢༤་འདས། ཐོག་མར་དྲྭ་ལམ་ཚོང་ར་འདི་དཔེ་དེབ་བཙོང་ས་དང་རིམ་བཞིན་ཚོང་རྫས་ཀྱི་རྣམ་གྲངས་ཇེ་མང་དུ་སོང་། དེང་སྐབས་འཛམ་གླིང་གི་དྲྭ་ལམ་ཚོང་ར་ཆེ་ཤོས་སུ་གྱུར། སྤྱི་ལོ་༢༠༡༦་ལོར་ཨ་རིའི་རྒྱུ་ནོར་དུས་དེབ་སྟེང་དུ་འཛམ་གླིང་གི་བཟོི་ཚོང་ཁང་ཆེ་གྲས་ལྔ་བརྒྱའི་གྲས་སུ་ཨང་རིམ་བསྒྲིགས་ཏེ་ཨ་མ་ཟོན་བཟོ་ཚོང་ཁང་ཨང་རིམ་༤༤་པར་སླེབས། སྤྱི་ལོ་༢༠༡༧་ལོར་ཨང་རིམ་བསྒྲིགས་པ་དེའི་ནང་དུ་ཨང་རིམ་༨་པ་ཟིན་ནོ།།

XS
SM
MD
LG