༄༅།། རྒྱ་ནག་གཞུང་གིས་བཀོད་འདོམས་ལྟར་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་རང་བཙན་ཚོགས་པའི་ལས་འགུལ་ཁག་ལ་མུ་མཐུད་དུ་དྲག་གནོན་བྱ་རྒྱུ་དང་སྔ་ལོ་ནས་ཧོང་ཀོང་ས་གནས་གཞུང་གིས་ཁ་བྲལ་གྱི་ལས་འགུལ་དང་ཧོང་ཀོང་རང་བཙན་ཚོགས་པར་གནོན་སྡོམ་ཇི་ལྟར་བྱས་ཡོད་མེད་ཀྱི་སྙན་ཐོ་ཤོག་གྲངས་༡༢་རྒྱ་ནག་དབུས་གཞུང་ལ་འབུལ་དགོས་བྱུང་བ་སྟེ། ཧོང་ཀོང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཕྱིར་སློག་བྱས་ནས་བཟུང་སྟེ་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་གནོན་ཤུགས་ཚབས་ཆེན་ཐེབས། སྙན་ཐོ་དེར་སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་ས་གནས་གཞུང་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། ཧོང་ཀོང་ས་གནས་གཞུང་གིས་རང་བཙན་ལས་འགུལ་ལ་འཛིན་པའི་ལངས་ཕྱོགས་ནི་ཧ་ཅང་གི་གསལ་བོ་དང་གོ་ནོར་ཐེབས་ས་མེད། རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གནོད་པའི་ལས་འགུལ་ཅི་ཞིག་སྤེལ་རུང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཚོགས་ལ་ཟིང་ཆ་སློང་ངེས་ཡིན། ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་ཧོང་ཀོང་རང་བཙན་སོགས་ཀྱི་ལས་འགུལ་ཁག་ལ་དམ་དྲག་ནན་པོ། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་འགུལ་ཁག་ལ་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་མཐའ་སྡོམ་བརྒྱབ་འདུག
རྒྱ་ནག་དབུས་གཞུང་ལ་ཕུལ་བའི་སྙན་ཐོ་དེར་ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་རང་བཙན་ལ་དམ་དྲག་ཇི་ལྟར་བྱས་ཡོད་མེད་ཀྱི་ཐག་གཅོད་ཁག་གོ་རིམ་བསྒྲིགས་ནས་བཀོད་ཅིང་། ཕྱི་ཟླ་༢་པ་ནས་སྲིད་སྐྱོང་ཁེ་རི་ལམ་དང་སློབ་སྟོན་པ་ཚོས་ཧོང་ཀོང་གི་བདེ་འཇགས་སྤྱི་ཁྱབ་ལ་རྒྱབ་སྐྱོར་བྱས་པ་དང་ཧོང་ཀོང་གི་བདེ་འཇགས་སྤྱི་ཁྱབ་ཀྱིས་ན་ནིང་ཕྱི་ཟླ་༩་པ་ནས་ཧོང་ཀོང་རང་བཙན་ཚོགས་པ་སྤྱི་ཚོགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་ཉེན་ཀ་ཅན་ཞིག་ཡིན་པར་བརྟེན། ཧོང་ཀོང་རང་བཙན་ཚོགས་པ་ཁྲིམས་འགལ་གྱི་ཚོགས་པ་ཞིག་ལ་བསྒྱུར་པ་ནི་ཡང་དག་པའི་ཐག་གཅོད་ཅིག་རེད་ཅེས་ལངས་ཕྱོགས་གཅིག་གྱུར་བཟུང་། ༡༩༩༧་ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་བཟུང་། ཧོང་ཀོང་ས་གནས་གཞུང་གིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་ཉེན་ཀ་ཡོད་པའི་རྒྱུ་མཚན་བགྲངས་ནས་སྲིད་དོན་ཚོགས་པ་ཞིག་ཁྲིམས་འགལ་དུ་བསྒྱུར་པ་ཐེངས་དང་པོ་ཡིན་ཞིང་། ཧོང་ཀོང་གི་སྲིད་སྐྱོང་གཞོན་པས་ཀྱང་ཧོང་ཀོང་རང་བཙན་ཚོགས་པ་ཁྲིམས་འགལ་དུ་བསྒྱུར་ན་ཧོང་ཀོང་གི་སྤྱི་ཚོགས་བརྟན་ལྷིང་ལ་དགེ་མཚན་ཆེ་ཞེས་བཤད་འདུག
ད་སྔ་ཧོང་ཀོང་རང་བཙན་ཚོགས་པས་དྲག་ཐབས་ཅི་ཡང་སྤེལ་མེད་ཀྱང་ས་གནས་དེའི་འགོ་ཁྲིད་ཚོས་ཧོང་ཀོང་རང་བཙན་ཚོགས་པས་ཐབས་ཇུས་ཡོད་ཚད་ལག་ལེན་བསྟར་ནས་ཧོང་ཀོང་རང་བཙན་གྱི་དམིགས་ཡུལ་མངོན་དུ་འགྱུར་ཐབས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད་པས་ཧོང་ཀོང་རང་བཙན་ཚོགས་པ་སྤྱི་ཚོགས་དང་མི་དམངས་ཀྱི་བདེ་འཇགས་ལ་ཉེན་ཀ་ཞིག་རེད་ཅེས་སྒྲུབ་བྱེད་བཀོད། སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་རང་བཙན་ཚོགས་པ་ཚུགས་མི་ཆོག་པར་བསྒྱུར་པ་ནི་བློ་གྲོས་ལྡན་པའི་ཐག་གཅོད་དང་གཟབ་ནན། ཕྱོགས་ཡོངས་ལ་བསམ་བློ་བཏང་བ་ཞིག་ཡིན། ཧོང་ཀོང་ས་གནས་གཞུང་གིས་གང་ཟག་རེ་ཟུང་གི་བྱ་སྤྱོད་ལ་དམིགས་ནས་བཀག་པ་ཞིག་མིན། ཧོང་ཀོང་རང་བཙན་ཚོགས་པ་སོར་གནས་བྱེད་དུ་བཅུག་ན་ཉེན་ཀ་ཡོད་པར་བསམ་བློ་བཏང་ནས་སྲིད་དོན་ཚོགས་པ་དེ་ཁྲིམས་འགལ་ལ་བསྒྱུར་པ་ཡིན། ཧོང་ཀོང་ས་གནས་གཞུང་ཁྲིམས་ལ་གཏུགས་སྲིད་པའི་ཉེན་ཀ་ཡོད་པས་སྙན་ཐོ་ཤོག་གྲངས་༡༢་མངའ་ཁུལ་དེའི་སྤྱི་དམངས་ལ་བཀྲམ་མེད། ༢༠༡༦་ལོའི་ཕྱི་ཟླ་༣་པའི་ནང་དུ་ཧོང་ཀོང་རང་བཙན་ཚོགས་པ་བཙུགས་སོང་། ཁོ་ཚོས་ཧོང་ཀོང་རྒྱ་ནག་གི་མངའ་འོག་ནས་ཁ་བྲལ་གཏོང་རྒྱུའི་ལས་འགུལ་སྤེལ། ཧོང་ཀོང་རང་བཙན་ཚོགས་པས་འཛེམ་ཟོན་མེད་པར་རྒྱ་ནག་གིས་ཧོང་ཀོང་ལ་མི་སེར་སྤེལ་བའི་དབང་སྒྱུར་བྱེད་ཀྱིན་འདུག་ཅེས་ཁྱབ་བསྒྲགས་བྱས་སོང་། རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་ནག་པ་རྣམས་ཧོང་ཀོང་མི་དམངས་ཀྱི་དགྲ་བོ་རེད་ཟེར་པ་དང་ཧོང་ཀོང་ས་གནས་སུ་འཚོ་གནས་བྱེད་བཞིན་པའི་རྒྱ་མི་རིགས་ལ་སྡང་ཟུག་བྱ་དགོས། རྒྱ་མི་རིགས་ཀྱི་ཤུལ་གཅོད་དགོས་ཞེས་སྐུལ་སློང་བྱེད་ཀྱི་འདུག ཧོང་ཀོང་རང་བཙན་ཚོགས་པས་རྒྱ་མི་རིགས་ལ་སྡང་ཟུག་དང་སྤྱི་ཚོགས་ལ་དཀྲུགས་ཤིང་སློང་གི་འདུག་ཅེས་བཀོད།།
ཧོང་ཀོང་རང་བཙན་ཚོགས་པའི་འགོ་ཁྲིད་ཆན་ཧོ་ཏིང་ལ་ཕྱི་ཟླ་༥་པའི་ཟླ་མཇུག་བར་དུ་ཁྲིམས་གཏུགས་བྱེད་ཆོག་པའི་དུས་ཚོད་ཡོད་ཀྱང་ཧོང་ཀོང་ས་གནས་གཞུང་གིས་སྲིད་དོན་ཚོགས་པ་དེ་ཁྲིམས་འགལ་བསྒྱུར་ཟིན་པ་ཞིག་ཧོང་ཀོང་གི་ཁྲིམས་ཁང་གིས་ཀྱང་ཆོད་སློག་གཏོང་ཐུབ་རྒྱུ་ཁག་པོ་ཡིན། ཐ་ན་ཆན་ཧོ་ཏིང་གིས་ཀྱང་ཧོང་ཀོང་རང་བཙན་ཚོགས་པ་ཁྲིམས་འགལ་ལ་བསྒྱུར་མི་ཆོག་ཅེས་ཁྲིམས་གཏུགས་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ཧོང་ཀོང་རང་བཙན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་རྒྱ་ནག་དབུས་གཞུང་ལ་གོང་བཀུར་མི་བྱེད་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་ནས་ཕྱིར་ཕུད་བཏང་བ་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་གི་འགོ་ཁྲིད་ཚོར་བཙོན་འཇུག་གི་ཁྲིམས་ཐག་བཅད་མོད། འོན་ཀྱང་ཧོང་ཀོང་གི་ཁྲིམས་ཁང་གིས་གྲོས་ཚོགས་འཐུས་མི་རྣམས་དང་སློབ་ཕྲུག་གི་འགོ་ཁྲིད་ཚོར་སྐྱོབ་ཐུབ་མེད་པ་རེད།།