ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནོ་ཊར་ཌམ་ལྷ་ཁང་ཆེན་མོར་མེ་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཕྱག་བཏབ་པའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་ནི་དུས་རབས་བར་མའི་སྐབས་སུ་འཛམ་གླིང་འདིར་བཟོ་བཀོད་འགྲན་ཟླ་བྲལ་བའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་བླ་ན་མེད་པ་ཞིག་ཡིན། ལྷ་ཁང་དེའི་རྒྱ་ཁྱོན་དང་ཡུན་རིང་གི་ལོ་རྒྱུས། ལྷག་པར་དུ་ལྷ་ཁང་དེར་བཟོ་བཀོད་ཀྱི་མཛེས་སྡུག་དང་ནང་གི་སྐུ་བརྙན། ལྡེབས་བྲིས་དང་མཆོད་རྫས་སོགས་རིན་ཐང་བྲལ་བའི་རྩ་ཆེའི་རིག་དངོས་སྣ་ཚོགས་ཤིག་འཛོམས་ཤིང་། ནོ་ཊར་ཌམ་ལྷ་ཁང་ཆེན་མོར་མི་སྟོང་ཕྲག་༦་གིས་དུས་མཉམ་དུ་གསོལ་བ་སྨོན་ལམ་འདེབས་སའི་ས་ཆ་ཡོད་པ། ལྷ་ཁང་དེར་ན་ཕོ་ལིན་གྱིས་སྲིད་དབང་བཟུང་ནས་ཧྥ་རན་སིའི་གོང་མའི་ཁྲི་ལ་ཕེབས་པའི་ཁྲི་སྟོན་མཛད་སྒོ་ཚོགས་པ་སོགས་ཧྥ་རན་སིའི་ཆོས་སྲིད་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ནོ་ཊར་ཌམ་ལྷ་ཁང་ཆེན་མོ་འཛམ་གླིང་གི་ཤུལ་བཞག་རིག་དངོས་རྩ་ཆེན་གྱི་གྲས་སུ་ཚུད་ནས་ལོ་ལྟར་འཛམ་གླིང་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་མང་པོ་ནོ་ཊར་ཌམ་ལྷ་ཁང་ཆེན་མོར་གནས་སྐོར་དང་མཆོད་མཇལ། འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལྷ་ཁང་དེར་ལྟད་མོར་ཡོང་གི་ཡོད་ཅིང་། ཕྱི་ཟླ་༤་ཚེས་༡༥་ཉིན་ལོ་༨༥༠་ལྷག་གི་ལོ་རྒྱུས་ཡོད་པའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོར་མེ་སྐྱོན་ཚབས་ཆེན་ཕོག་པོར་འཛམ་གླིང་ཡུལ་གྲུ་ཁག་གི་མི་དམངས་དང་སྲིད་གཞུང་སོགས་ལ་ཕངས་སེམས་ཚད་མེད་བྱུང་བའི་བཅོས་མིན་གྱི་རྣམ་འགྱུར་མངོན།།

ཐོག་མར་ཕྱི་ལོ་༡༡༦༠་ལོར་ཕེ་རི་སིའི་སྤྱི་ཁྱབ་མཁན་པོ་མོ་རི་སི་སུ་ལི་ཞེས་པ་ཞིག་གིས་གནའ་བོའི་རོ་མན་པའི་ལྷའི་དབང་པོ་ཇཱུ་ཕི་ཊར་གྱི་ལྷ་ཁང་རྙིང་པ་གཉིས་ཀྱི་ཤུལ་དེར་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་འཛུགས་སྐྲུན་བྱ་རྒྱུའི་སྟ་གོན་མཛད། ཕྱི་ལོ་༡༡༦༣་ལོར་བླ་ཆེན་ཕོབ་ཨ་ལིཀ་ཟན་ཌར་གསུམ་པས་ལྷ་ཁང་གི་རྨང་རྡོ་བཏིངས། ཕྱི་ལོ་༡༡༨༩་ལོར་སྦུག་གི་མཆོད་ཁང་ལེགས་གྲུབ་བྱུང་སྟེ་རབ་གནས་མཛད། ཕྱི་ལོ་༡༢༥༠་ལོར་ལྷ་ཁང་དེའི་ཆོས་དབྱངས་ཁང་དང་ཁ་ཕྱོགས་ནུབ་ལ་གཏད་པའི་མདུན་སྒོ་ཆེན་མོ། ཚོམས་ཆེན་གྱི་ཀ་བ་སྟར་ཕྲེང་སྒྲིག་པའི་གཞུ་དབྱིབས་སྲང་ཤུར་ཆེན་མོ་བཅས་པ་ལེགས་པར་གྲུབ། དེ་ནས་ལོ་བརྒྱའི་རིང་ལ་ལྷ་ཁང་དེ་རྒྱ་སྐྱེད་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། མདོར་ན་ཕེ་རི་སིའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་དུས་རབས་གསུམ་ལ་འཛུགས་སྐྲུན་དང་རྒྱ་སྐྱེད། ལེགས་རྒྱས་དང་ཞིག་གསོ་བྱས་ཡོད་པར་མ་ཟད། དུས་རབས་༡༩་བའི་ནང་དུ་ནོ་ཊར་ཌམ་ལྷ་ཁང་ཆེན་མོར་ཞིག་གསོ་རྒྱ་ཆེན་བྱས་ཡོད། དེང་སྐབས་ཀྱང་ནོ་ཊར་ཌམ་ལྷ་ཁང་ཆེན་མོར་ཞིག་གསོ་བྱེད་ཀྱིན་ཡོད་པ་རེད།།

ཕྱི་ཚེས་༡༥་ཕྱི་དྲོ་ནས་མཚན་ཧྲིལ་པོར་དུས་ཡུན་ཆུ་ཚོད་༩་ལ་ཕེ་རི་སིའི་མེ་གསོད་རུ་ཁག་གི་མེ་གསོད་པ་༤༠༠་ལྷག་གིས་འབད་བརྩོན་བྱས་པའི་འབྲས་བུར་ནོ་ཊར་ཌམ་ལྷ་ཁང་ཆེན་མོའི་སྒྲོམ་གཞི་སྐྱོབ་ཐུབ་ཡོད་པ་སྟེ། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ང་ཚོས་ནོ་ཊར་ཌམ་ལྷ་ཁང་ཆེན་མོའི་སྒྲོམ་གཞི་སྐྱོབ་ཐུབ་ཡོད་པ་ནི་ཆག་སྒོ་ཆེས་ཚབས་ཆེན་ཞིག་ལས་གྲོལ་བ་རེད། ནོ་ཊར་ཌམ་ལྷ་ཁང་ཆེན་མོ་བསྐྱར་གསོ་བྱེད་པར་ང་ཚོས་རྒྱལ་སྤྱིའི་ཐོག་ཏུ་རོགས་དངུལ་འདུ་འགོད་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད། ནོ་ཊར་ཌམ་ལྷ་ཁང་ཆེན་མོས་ཧྥ་རན་སིའི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མཚོན་ཐུབ། ལྷ་ཁང་དེ་ང་ཚོའི་ལོ་རྒྱུས་ཡིན། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་ཞིག་གསོ་བྱ་དགོས། ང་ཚོ་ཆག་སྒོ་འབྱུང་བའི་དུས་སུ་སྟོབས་ཤུགས་མཉམ་འབྲེལ་བྱེད་ཀྱི་ཡོད་པ་ནི་ཧྥ་རན་སིའི་མི་དམངས་ཀྱི་ཁྱད་ཆོས་ཡིན་ཞེས་གཏམ་བཤད་བྱས་འདུག ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཌོ་ནལ་ཊ་སི་ཀིས་ཧྥ་རན་སིའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་བསྐྱར་དུ་ཞིག་གསོ་བྱེད་པར་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༨་ཀྱིས་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས། དབྱིན་ཇིའི་རྒྱལ་མོ་མཆོག་གིས་ཧྥ་རན་སིའི་གཞུང་དམངས་གཉིས་ལ་སེམས་གསོ་དང་མེ་གསོད་རུ་ཁག་གི་དཔའ་རྒོད་ཚོར་བསྔགས་བརྗོད་ཀྱི་གསུང་འཕྲིན་སྤེལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནོ་ཊར་ཌམ་ལྷ་ཁང་ཆེན་མོའི་རྩེ་རུ་མེ་ལྕེ་འཕྱུར་གྱི་ཡོད་པར་བལྟས་ན་འཇིགས་སྣང་ཡོང་འདུག གནམ་ནས་ཆུ་གཏོར་ན་དགེ་མཚན་མེད་དམ། འཕྲལ་དུ་མེ་གསོད་ཐབས་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཕྱི་ཟླ་༤་ཚེས་༡༦་ཉིན་ཧྥ་རན་སི་དང་འཛམ་གླིང་གི་གསར་ཤོག་ཕལ་ཆེ་བའི་མདུན་ཤོག་ལ་ཧྥ་རན་སིའི་གོད་ཆག་ཆེན་པོ་དང་འགྲོ་བ་མིའི་ཤུལ་བཞག་རིག་གནས་ཀྱི་གྱོད་གུད་ཆེན་མོ་ཞེས་ཁ་བྱང་བཀོད་ནས་ལྷ་ཁང་དེའི་བྱུང་རབས་དང་མཚོན་དོན། རིག་གནས་ཀྱི་རིན་ཐང་དང་འཛམ་གླིང་མི་དམངས་ལ་ལྷ་ཁང་དེས་བཞག་པའི་བག་ཆགས་སོགས་ཀྱི་རྩོམ་ཡིག་བཀོད། ཕེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ནོ་ཊར་ཊམ་ལྷ་ཁང་ཆེན་མོར་མེ་སྐྱོན་བྱུང་བ་ནི་སྟེས་དབང་ལས་བྱུང་འདུག འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས་གཏོར་རྒོལ་དང་བསམ་བཞིན་མེར་སྲེག་བཏང་བ་ཞིག་མ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཕེ་རི་སིའི་མེ་གསོད་ལས་ཁུངས་ཀྱིས་ལྷ་ཁང་ཞིག་གསོའི་འགྲོ་གྲོན་ཆེད་དུ་ཡུ་སྒོར་ས་ཡ་༡༠་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་དང་ཧྥ་རན་སིའི་འབྱོར་ལྡན་པ་ཞིག་གིས་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་བསྐྱར་དུ་ཞིག་གསོ་བྱེད་པར་ཡུ་སྒོར་དུང་ཕྱུར་༡་ཞལ་འདེབས་སྤྲོད་རྒྱུའི་ཁས་ལེན་བྱས་ནས་བཟུང་། ཧྥ་རན་སིའི་དཔེ་གསར་དང་མིང་གྲགས་ཅན་གྱི་ཅ་ལག་ཚོང་ཁང་ཞིག་གི་བདག་པོས་ཀྱང་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་ཞིག་གསོ་བྱེད་པར་ཡུ་སྒོར་དུང་ཕྱུར་༢་ཞལ་འདེབས་སྤྲོད་རྒྱུ་ཁས་ལེན་བྱས་འདུག ཧྥ་རན་སིའི་ནང་སྲིད་ལྷན་ཁང་གིས་ནོ་ཊར་ཌམ་ལྷ་ཁང་ཆེན་མོའི་མེ་ལྕེ་གསོད་ཐུབ་ཡོད། ད་ལྟ་བཟོ་བཀོད་མཁས་པ་ཚོས་ལྷ་ཁང་ཆེན་མོའི་སྒྲོམ་གཞི་ལ་གནོད་སྐྱོན་ཐེབས་ཡོད་མེད་དང་རྩ་ཆེའི་རིག་དངོས་ཅི་ཙམ་རྩ་བརླག་ཕྱིན་ཡོད་མེད། ནོ་ཊར་ཌམ་ལྷ་ཁང་ཆེན་མོར་མེ་སྐྱོན་ཕོག་དོན་ཅི་ཡིན་བཅས་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG