ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཛ་དྲག་ཇེ་ཆེ།


༄༅།། ༢༠༡༨་ལོར་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་གི་མཁའ་དབྱིངས་སུ་ཕྱི་རྒྱལ་གྱི་གནམ་གྲུ་ཁག་སིམ་འཛུལ་བྱས་པར་ཉི་ཧོང་གིས་འཐབ་འཛིང་གནམ་གྲུ་བཏང་ནས་ཕྱི་རྒྱལ་གྱི་གནམ་གྲུ་དང་ཁ་ལོ་མེད་པའི་འཕུར་གྲུ་དེ་ཚོར་འགོག་རྒོལ་ཐེངས་༩༩༩་བྱ་དགོས་བྱུང་ཞིང་། ཤར་རྒྱ་ནག་རྒྱ་མཚོའི་ནང་གི་ཉི་ཧོང་གི་མཁའ་དབྱིངས་སུ་སིམ་འཛུལ་བྱེད་མཁན་ཕྱི་རྒྱལ་གྱི་གནམ་གྲུ་དེ་དག་གི་གསུམ་ཆའི་གཉིས་ལྷག་རྒྱ་ནག་གི་གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་ཡིན་པ་སྟེ། སྔ་ལོ་གཅིག་པུར་རྒྱ་ནག་གི་གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཉི་ཧོང་གི་མཁའ་དབྱིངས་སུ་སིམ་འཛུལ་ཐེངས་༦༣༨་བྱས་འདུག ༢༠༡༧་ལོར་རྒྱ་ནག་གི་གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཉི་ཧོང་གི་མཁའ་དབྱིངས་སུ་སིམ་འཛུལ་ཐེངས་༥༠༠་བྱུང་ཡོད། ཉི་ཧོང་གི་མཁའ་དབྱིངས་སུ་སིམ་འཛུལ་བྱ་ཡུལ་མང་ཆེ་བ་ཨོ་ཁི་ན་ཝ་གླིང་ཕྲན་གྱི་ཉེ་འཁོར་དུ་ཆགས་པའི་སན་ཀ་ཁུའམ། རྒྱ་ནག་གིས་ཏིའོ་ཡུའི་གླིང་ཕྲན་ཟེར་པའི་མཁའ་དབྱིངས་སུ་འབྱུང་ཡོད་པ་རེད།།

ཉི་ཧོང་གིས་སན་ཀ་ཁུ་དང་རྒྱ་ནག་གིས་ཏིའོ་ཡུའི་གླིང་ཕྲན་ཟེར་པའི་མངའ་ཁུལ་ནི་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་གླིང་ཕྲན་གསུམ་ལ་གོ་དགོས། རྒྱ་ནག་དང་ཐེ་ཝན་གཉིས་ཀས་དུས་རབས་༡༦་པ་ནས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་དེ་དག་རྒྱ་ནག་གི་མངའ་ཁོངས་སུ་གྱུར་ཡོད། ༡༨༠༠་བའི་ལོ་རབས་དེར་རྒྱ་ནག་གིས་གླིང་ཚོམ་དེ་དག་ལ་ས་ཞིབ་བྱས་ནས་རྒྱ་ནག་གི་ས་སྟོང་ཞེས་བདག་འཛིན་བྱས་ཡོད། ༡༨༨༥་ལོར་ཉི་ཧོང་གིས་གླིང་ཕྲན་དེ་དག་རྒྱ་ནག་གི་མན་ཇུའི་མངའ་ཁོངས་ནས་བཙན་འཕྲོག་བྱས་སོང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གིས་ཐེ་ཝན་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུའི་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད་ཅེས་རྒྱུ་མཚན་བགྲངས། ཡིན་ནའང་ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཐེ་ཝན་གཉིས་ཀས་༡༩༧༡་གི་སྔོན་ལ་གླིང་ཕྲན་དེ་དག་གི་བདག་དབང་རྩོད་ལེན་བྱས་མྱོང་མེད་ཅིང་། ༡༩༧༡་ལོར་ཨེ་ཤི་ཡ་དང་རྒྱ་ཤར་དཔལ་འབྱོར་མཐུན་ཚོགས་ཀྱིས་སན་ཀ་ཁུ་གླིང་ལ་རྟོག་ཞིབ་བྱས་ནས་རྡོ་སྣུམ་གྱི་གཏེར་ཁ་ཕྱུག་པོ་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཐེ་ཝན་དང་རྒྱ་ནག་གཉིས་ཀས་སྔ་རྗེས་སུ་༡༤༠༣་ནས་ཏིའོ་ཡིའུ་གླིང་ཚོམ་གྱི་བདག་དབང་རྒྱ་ནག་ལ་ཡོད་ཅེས་རྩོད་པ་རྒྱག་འགོ་ཚུགས། ཉི་ཧོང་གཞུང་གིས་༡༨༨༥་ལོར་གླིང་ཚོམ་དེར་ས་ཞིབ་བྱས་པ་ཡིན། དེ་དུས་རྒྱལ་ཁབ་གཞན་པ་སུ་གཅིག་གིས་གླིང་ཚོམ་དེ་ཉིད་བདག་འཛིན་བྱས་མི་འདུག ༡༩༧༢་ལོར་ཉི་ཧོང་དང་ཨ་མི་རི་ཀས་ཨོ་ཁི་ན་ཝ་ས་གནས་སུ་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ཉི་ཧོང་ལ་ཕྱིར་སློག་བྱས་ཡོད་ཅེས་རྒྱུ་མཚན་མ་འདྲ་བ་ཞིག་བགྲངས། ༢༠༡༢་ལོར་ཉི་ཧོང་གཞུང་གིས་སྤྱི་དམངས་སྒེར་པའི་ལག་ནས་གླིང་ཕྲན་དེ་དག་གི་བདག་དབང་ཉོས་ཏེ་རྒྱལ་ཁབ་ཀྱི་ས་ཁོངས་སུ་བཅུག་ནས་བཟུང་། རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་དེའི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་སོང་འདུག

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་ཉ་པའི་གྲུ་གཟིངས་དང་རྟོག་ཞིབ་གྲུ་གཟིངས། ཁ་ལོ་བ་མེད་པའི་འཕུར་གྲུ་དང་སྐོར་གཡེང་གནམ་གྲུ་སོགས་ཕྱོགས་གཉིས་ཀྱི་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་གི་ཉེ་འཁོར་དུ་སྐོར་སྐྱོད་དང་འཕུར་སྐྱོད་བྱ་རྒྱུ་ཇེ་མང་དུ་བཏང་སྟེ་རྒྱ་ནག་ལ་གླིང་ཚོམ་དེ་དེའི་བདག་དབང་ཡོད་པའི་རྣམ་པ་སྟོན་རྒྱུ་ཤུགས་ཆེ་རུ་བཏང་བར་མ་ཟད། ཨུ་རུ་སུའི་གནམ་གྲུ་ཁག་ཀྱང་ཉི་ཧོང་གི་ཧོ་ཁ་ཡེ་དྷོ་གླིང་ཕླིང་ཕྲན་གྱི་མངའ་དབྱིངས་སུ་སིམ་འཛུལ་ཐེངས་༣༤༣་བྱུང་ཞིང་། ཉི་ཧོང་གི་རྒྱལ་སྲུང་ཞིབ་འཇུག་ཁང་གི་ལས་སྣེ་ཞིག་གིས་བརྗོད་དོན། སན་ཀ་ཁུ་གླིང་ཚོམ་གྱི་ཉེ་འཁོར་མཚོ་ཐོག་དང་མཁའ་དབྱིངས་སུ་རྒྱ་ནག་གིས་དབང་སྒྱུར་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱིན་འདུག རྒྱ་ནག་གིས་སན་ཀ་ཁུ་གླིང་ཚོམ་གྱི་མཁའ་དབྱིངས་སུ་སིམ་འཛུལ་བྱ་རྒྱུ་རྒྱུན་ལྡན་གྱི་སྐོར་གཡེང་ཞིག་ལ་སྒྱུར་གྱི་ཡོད་པ་དང་། རྒྱ་ནག་གི་སྐམ་མཚོ་གཉིས་ཀྱི་སྐོར་གཡེང་འདི་རྣམས་མང་དུ་འགྲོ་སྲིད་པའི་རྟགས་མཚན་འདུག་ཅེས་བཤད།།

ཉི་ཧོང་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཉི་ཧོང་གི་འཐབ་འཛིང་གནམ་གྲུ་དེ་ཚོས་གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་༡༡༦༨་ལ་འགོག་རྒོལ་བྱས་ཡོད། གནམ་གྲུ་དང་འཕུར་གྲུ་དེ་དག་གི་གྲས་ཀྱི་༨༥༡་རྒྱ་ནག་གི་ཡིན་པ་ངོ་ཐག་ཆོད་སོང་། དེང་སྐབས་རྒྱ་ནག་ལ་རྒྱང་སྙོབ་མདེལ་འཕེན་གནམ་གྲུ་མེད་པས་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་བཏང་ནས་ཏིའོ་ཡུའི་གླིང་ཕྲན་གྱི་མཁའ་དབྱིངས་སུ་སིམ་འཛུལ་བྱེད་ཀྱིན་འདུག མ་འོངས་པར་རྒྱ་ནག་གིས་རྒྱང་སྙོབ་མདེལ་འཕེན་རྒྱ་གྲུ་གསར་བཟོ་ཐུབ་མཚམས་སུ་སིམ་འཛུལ་གྱི་རྣམ་པ་འདིར་འགྱུར་བ་ཐེབས་ངེས་རེད་བཤད། ཕྱི་ལོ་༢༠༠༡་ལོར་ཉི་ཧོང་གི་ཨོ་ཁི་ན་ཝ་གླིང་ཕྲན་ནས་ཨ་མི་རི་ཀའི་མཚོ་དམག་གི་སོ་བའི་གནམ་གྲུ་ཞིག་ཤར་རྒྱ་ནག་མཁའ་དབྱིངས་སུ་འཕུར། རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཞིག་གིས་ཨ་མི་རི་ཀའི་གནམ་གྲུ་དེར་རྡུང་ཁ་བརྒྱབ་ནས་རྒྱ་ནག་གི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་དེར་སྲོག་སྐྱོབ་ཕོག ཨ་མི་རི་ཀའི་དམག་གི་སོ་བའི་གནམ་གྲུ་དེ་རྒྱ་ནག་གི་ཧེ་ནན་གླིང་ཕྲན་ལ་བཙན་འབབ་བྱ་དགོས་བྱུང་སྟེ་སྐབས་དེར་རྒྱ་ནག་དང་ཨ་མི་རི་ཀས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཀ་བྱུང་ཡོད། ཕྱིས་སུ་ཉི་ཧོང་དང་རྒྱ་ནག་གི་གནམ་གྲུ་ཁག་རྡུང་ཁ་བརྒྱབ་ནས་དམག་འཁྲུག་སློང་མི་སྲིད་པའི་ངེས་པ་མེད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG