ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༡༩

སུ་ཏན་གྱི་དམག་གིས་སྲིད་འཛིན་བྷ་ཤིར་གནས་དབྱུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༤་ཚེས་༡༡་ཉིན་ཨ་ཧྥི་རི་ཀའི་རྒྱལ་ཁབ་སུ་ཏན་གྱི་དམག་གིས་སྲིད་འཛིན་བྷ་ཤིར་གྱི་སྲིད་དབང་མགོ་རྟིང་སློག རྡོ་སྣུམ་དང་སོལ་རླངས་སོགས་རང་བྱུང་ཐོན་སྐྱེད་ཀྱིས་རབ་ཏུ་ཕྱུག་པའི་ཨ་ཧྥི་རི་ཀའི་རྒྱལ་ཁབ་དེར་སྲིད་འཛིན་བྷ་ཤིར་གྱིས་ལོ་༣༠་ལ་དབང་སྒྱུར་བྱས་པའི་ལེའུ་མཇུག་བསྒྲིལ་རུང་སུ་ཏན་གྱི་དམག་གིས་སླར་ཡང་རྒྱལ་ཁབ་དེར་དུས་ཡུན་རིང་པོ་ཞིག་ལ་དབང་སྒྱུར་བྱ་སྲིད་པའི་ཉེན་ཀ་གསར་པ་ཞིག་འཕྲད་ཡོད་ཅིང་། ཐོག་མར་སྲིད་འཛིན་བྷ་ཤིར་ཡང་དམག་གི་འགོ་ཁྲིད་ཡིན་པ་དང་དམག་གིས་སྲིད་འགྱུར་བཏང་ནས་ལོ་༣༠་རིང་དུ་དབང་ལུང་བསྒྱུར།།

ད་ལྟ་འཛམ་གླིང་ཡོངས་ལ་སུ་ཏན་གྱི་སྲིད་དབང་སྒེར་གཅོད་པ་བྷ་ཤིར་གནས་དབྱུང་བཏང་བའི་གསར་འགྱུར་བསྒྲགས་ནས་འུར་ཟིང་མ་འཇམ་གོང་དུ་རྒྱལ་ཁབ་དེའི་དམག་གིས་སྲིད་གཞུང་ཕྱིར་བསྡུ་བྱས་པ་དང་རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱང་ལག་ལེན་བསྟར་རྒྱུ་ངང་འཐེན། དུས་ཡུན་ཟླ་བ་གསུམ་གྱི་རིང་ལ་རྒྱལ་ཁབ་དེར་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུ། ད་ནས་དམག་གི་དབང་འཛིན་པ་ཚོས་ཉུང་མཐར་ཡང་ལོ་གཉིས་ཀྱི་རིང་དུ་སུ་ཏན་ལ་ལྟ་སྐྱོང་བྱས་ནས་སྲིད་དབང་རྩིས་སྤྲོད་ཀྱི་བར་བརྒལ་དུས་ཡུན་ཞིག་བརྒྱུད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པས་མི་དམངས་ངོ་རྒོལ་ཁྲོམ་སྐོར་བ་དང་ཉམས་ཞིབ་པ་རྣམས་དངངས་སྐྲག་གི་གནས་སུ་ལྷུང་། ད་ནི་སུ་ཏན་རྒྱལ་ཁབ་ལ་སྐབས་ཤིག་གི་རིང་དུ་འོས་འདེམས་བྱ་རྒྱུའི་རྟགས་མཚན་མེད་ཅིང་། སུ་ཏན་གྱི་དབུས་སྨན་པའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་ཕྱི་ཟླ་༤་པའི་ཚེས་༡༡་ཉིན་སུ་ཏན་གྱི་གཞུང་དམག་གམ། ཡང་ན་གཞུང་དམག་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཡུལ་དམག་གིས་མེ་མདའ་བརྒྱབ་ནས་ཞི་བའི་ངོ་རྒོལ་བྱེད་མཁན་མི་༡༣་བསད། མི་༡༣་ལ་སྲོག་སྐྱོན་ཕོག་པ་དེ་དག་གི་གྲས་ཀྱི་མི་༢་ནི་རྒྱལ་ས་ཧ་ཏུམ་དང་༡་ནི་ཨ་ཐ་བྷ་ར་གྲོང་ཁྱེར། མི་༨་ལ་དྷར་ཧྥོར་གྲོང་ཁྱེར་དུ་སྲོག་སྐྱོན་བྱུང་འདུག

ཨ་ཧྥི་རི་ཀའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སུ་ཏན་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་དང་རྒྱལ་ཁབ་དེའི་མི་དམངས་ཀྱི་མངོན་འདོད་སྐོང་བར་དམག་གིས་སྲིད་དབང་བཟུང་བ་ནི་འོས་འཚམས་ཤིག་མིན། སུ་ཏན་ནི་རྒྱལ་སྤྱིའི་ཆིངས་ཡིག་ཁག་ལ་མིང་རྟགས་འགོད་མཁན་གྲས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཆིངས་ཡིག་ཁག་ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་གིས་རྩ་ཁྲིམས་ལ་མི་མཐུན་པའི་སྲིད་གཞུང་འཕོ་འགྱུར་གྱི་རིགས་ལ་ངོ་རྒོལ། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་བཅས་ལ་གོང་བཀུར་བྱ་རྒྱུ་ཁག་ཐེག་བྱས་ཡོད་པ་ཤ་སྟག་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག གཟའ་ཕུར་བུའི་ཉིན་སུ་ཏན་གྱི་རྒྱལ་སྲུང་བློན་ཆེན་ཨི་བྷིན་ཨ་ནུབ་ཀྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་དམག་གིས་སྲིད་དབང་འཛིན་དགོས་པའི་རྒྱུ་མཚན་འགྲེལ་བཤད་བརྒྱབ། དེའི་རྗེས་སུ་ཁོ་པས་དམག་གི་སྲིད་གཞུང་དེའི་འགོ་ཁྲིད་ཀྱི་ལས་ཁུར་དམ་བཅའ་བཞག་པར་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པ་དང་། སུ་ཏན་མི་དམངས་ཀྱིས་ཨི་བྷིན་ཨ་ནུབ་ཀྱང་མགོ་རྟིང་སློག་དགོས་ཞེས་འུར་བརྒྱབ།།

ཐོག་མར་སུ་ཏན་གྱི་ཆེད་ལས་པའི་མཐུན་ཚོགས་ཀྱི་ཚོགས་མི་ཚོས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མགོ་བརྩམས། ཁོ་ཚོས་སུ་ཏན་གྱི་དམག་གིས་སྲིད་དབང་འཕྲོག་པ་དེ་ལའང་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། རྒྱལ་ཡོངས་མི་དམངས་ལ་རྒྱལ་ཁབ་དེའི་དམག་གི་དབུས་སྤྱི་ཁྱབ་ཁང་གི་སྒོ་མདུན་དུ་འཛོམས་ནས་ཞི་བའི་ངོ་རྒོལ་བྱ་དགོས། སུ་ཏན་གྱི་དམག་གིས་མི་དམངས་ལ་སྲིད་དབང་རྩིས་སྤྲོད་བྱས་ནས་སྲིད་གཞུང་གསར་པ་ཞིག་འོས་འདེམས་མ་བྱས་བར་དུ་ངོ་རྒོལ་རྒྱུན་འཁྱོངས་བྱ་དགོས། དམག་གིས་སྲིད་འགྱུར་བཏང་ནས་སླར་ཡང་དམག་གི་དབང་སྒྱུར་བ་ཞིག་བསྐོ་བཞག་བྱས་པར་མོས་མཐུན་མེད། སུ་ཏན་མི་དམངས་ཀྱིས་དམག་གིས་དབང་སྒྱུར་ལ་ངོ་རྒོལ་བྱ་དགོས་ཞེས་བསྒྲགས། སུ་ཏན་གྱི་ཆེད་ལས་པའི་མཐུན་ཚོགས་ཁོངས་སུ་རྒྱལ་ཁབ་དེའི་སྨན་པ་དང་ཁྲིམས་རྩོད་པ། གསར་འགོད་པ་བཅས་འདུས། ཨོ་མར་ཨལ་ནིལ་ཞེས་པ་ཞིག་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་སུ་ཏན་མི་དམངས་ཀྱིས་དམག་གི་སྲིད་གཞུང་མགོ་རྟིང་སློག་དགོས། དམག་གི་དབང་སྒྱུར་པ་གཅིག་གི་རྗེས་སུ་གཞན་ཞིག་གིས་སྲིད་འཛིན་རྒྱུ་དེར་ངོ་རྒོལ་ཡོད་ཅེས་བཤད།།

༡༩༨༩་ལོར་ཨོ་མར་ཨལ་བྷ་ཤིར་གྱིས་དམག་གི་སྟོབས་ཤུགས་ལ་བརྟེན་ནས་སྲིད་འགྱུར་བཏང་སྟེ་སུ་ཏན་གྱི་སྲིད་དབང་བཟུང་། ༡༩༩༣་ལོར་ཁོ་པ་རྒྱལ་ཁབ་དེའི་སྲིད་འཛིན་ལ་བཏམས། ཁོ་པར་དྷར་ཧྥོར་ས་གནས་སུ་མི་རིགས་གཙང་སེལ་གྱི་དམག་འཁྲུག་བསླངས་པའི་ནག་ཉེས་བཙུགས་པ་དང་། ༢༠༡༥་ལོར་ལྷོ་ཨ་ཧྥི་རི་ཀར་འཚམས་འདྲིར་ཕེབས་པའི་སྐབས་སུ་འཛིན་བཟུང་བྱ་གྲབས་བྱས་ཤིང་། ཁོ་པར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འགྲོ་བ་མིའི་རིགས་ལ་འཚེ་རྒོལ་བྱས་པའི་ནག་ཉེས་རིགས་མ་འདྲ་བ་ལྔ་བཙུགས་ཡོད་པ་དང་། གཅིག་བྱས་ན་སུ་ཏན་གྱི་དམག་གིས་སྲིད་འཛིན་ཟུར་པ་བྷ་ཤིར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་སྲིད། སྲིད་འཛིན་བྷ་ཤིར་གྱི་མཉམ་དུ་རྒྱལ་ཡོངས་གཞུང་འཛིན་ཚོགས་པའི་སྲིད་བློན་དང་མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཁག་ཀྱང་འཛིན་བཟུང་བྱས་པ་དང་། སུ་ཏན་གྱི་དམག་གིས་སྲིད་འཛིན་ཟུར་པ་བྷ་ཤིར་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་ནས་སྐུ་སྲུང་བ་རྣམས་ཀྱང་འཕོ་འགྱུར་བཏང་འདུག

ཨ་མི་རི་ཀས་སུ་ཏན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དགོས་ངེས་མིན་པའི་ལས་བྱེད་པ་རྣམས་རང་ཡུལ་ལ་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་བ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀ་བ་རྣམས་སྐབས་ཤིག་གི་རིང་དུ་སུ་ཏན་ལ་འགྲིམ་འགྲུལ་བྱ་རྒྱུ་འཛེམ་ཟོན་བྱ་དགོས་པའི་བརྡ་ཁྱབ་བཏང་ཞིང་། དབྱིན་ཇིའི་གཞུང་གིས་ཀྱང་དགོས་ངེས་མིན་པའི་ལས་བྱེད་པ་རྣམས་དབྱིན་ཇིའི་གཞུང་ཚབ་ཁང་ནས་ཕྱིར་འཐེན་བྱ་རྒྱུ་འགོ་ཚུགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀས་སུ་ཏན་གྱི་སྲིད་དབང་འཕོ་འགྱུར་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་བཤད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་མི་དམངས་ངོ་རྒོལ་བ་ཚོར་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་མིན་ནི་སུ་ཏན་གྱི་དམག་གི་སྲིད་གཞུང་གསར་པར་ཚོད་ལྟ་ཆེན་པོ་ཞིག་རེད་འགྲེལ་བརྗོད་བྱས་པ་དང་། ཕྱི་ཟླ་༤་ཚེས་༡༢་ཀྱི་སྔ་དྲོར་མཉམ་འབྲེལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་སུ་ཏན་གྱི་སྲིད་དབང་འཕོ་འགྱུར་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG