ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཝི་ཀི་གསང་བ་ཕྱིར་བསྒྲགས་ཁང་གསར་འཛུགས་པ་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༤་ཚེས་༡༡་ཉིན་དབྱིན་ཇིའི་ཉེན་རྟོག་པས་ཝི་ཀི་ལིཀ་གསང་བ་ཕྱིར་བསྒྲགས་ཁང་གསར་འཛུགས་པ་ཇཱུ་ལི་ཡན་ཨ་སན་ཇཱི་འཛིན་བཟུང་བྱས་པ་དང་། འདས་པའི་ལོ་༧་གྱི་རིང་ལ་ཇཱུ་ལི་ཡན་ཨ་སན་ཇཱིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཅའ་སྡོད་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁོ་དྷོར་གྱི་གཞུང་ཚབ་ཁང་ལ་སྐྱབས་བཅོལ་ཞུས་ནས་འཚོ་བར་རོལ། གཟའ་ཕུར་བུའི་ཉིན་ཨི་ཁོ་དྷོར་གྱི་གཞུང་ཚབ་ཁང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་ལ་སྐྱབས་ཡུལ་སྤྲོད་རྒྱུ་མཚམས་འཇོག་དང་ཁོ་པ་གཞུང་ཚབ་ཁང་ནས་ཕྱིར་ཕུད་བྱས་པས་དབྱིན་ཇིའི་ཉེན་རྟོག་པ་ཚོས་ཇཱུ་ལི་ཡན་ཨ་སན་ཇཱི་༢༠༡༢་ལོར་ཁྲིམས་ཁང་ལ་བཅར་དགོས་ཞེས་བཀའ་ཁྱབ་བཏང་ཡོད། ཁོ་པས་དབྱིན་ཇིའི་ཁྲིམས་ཁང་གི་བཀའ་འགུག་ལ་བརྩི་མེད་བཏང་བའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བསྒྲགས་བྱས་པ་ཡིན་ཞེས་ཁྱབ་བསྒྲགས།།

ལོ་ན་༤༧་ལ་སོན་པའི་ཇཱུ་ལི་ཡན་ཨ་སན་ཇཱི་ལ་ཨ་མི་རི་ཀའི་གཞུང་གིས་ཨ་རིའི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ཡོད་པར་མ་ཟད། ༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་ཇག་ཚོ་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་གློག་ཀླད་ནང་དུ་སིམ་འཛུལ་གྱིས་ཧི་ལ་རི་ཁེ་ལིན་ཊོན་གྱི་འོས་འདེམས་ལས་འགུལ་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་སྟོང་ཕྲག་མང་པོ་བརྐུས། ཇཱི་ལི་ཡན་ཨ་སན་ཇཱིའི་གསང་བ་ཕྱིར་བསྒྲགས་ཁང་གིས་ཧི་ལ་རིའི་ཁེ་ལིན་ཊོན་གྱི་གློག་འཕྲིན་རྣམས་ཡོངས་གྲགས་སུ་དྲྭ་ལམ་དུ་བཀྲམ་པས་ཨ་མི་རི་ཀའི་གཞུང་གིས་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་པར་ཇཱུ་ལི་ཡན་ཨ་སན་ཇཱི་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། ད་དུང་དབྱིན་ཇིའི་གཞུང་གིས་ཇཱི་ལི་ཡན་ཨ་སན་ཇཱིས་དབྱིན་ཇིའི་ཁྲིམས་ཁང་གི་བཀའ་འགུག་ལ་བརྩི་མེད་བཏང་སོང་ཞེས་ནག་ཉེས་བཙུགས།།

ཇཱུ་ལི་ཡན་ཨ་སན་ཇཱི་ནི་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན། ༢༠༡༢་ལོར་ཁོ་པས་རང་གི་གྲོགས་མོར་བཙན་གཡེམ་བྱ་གྲབས་བྱས་པའི་ནག་ཉེས་ཕོག་སྟེ་སུད་ཌེན་གྱི་ཁྲིམས་ཁང་ཞིག་གིས་ཇཱུ་ལི་ཡན་ཨ་སན་ཇཱིར་འདྲི་ཞིབ་བྱ་དགོས་པའི་ཐག་བཅད། ཁོ་པ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཅའ་སྡོད་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁོ་དྷོར་གྱི་གཞུང་ཚབ་ཁང་དུ་བྲོས་ནས་སྐྱབས་བཅོལ་ཞུས། འདས་པའི་ལོ་༧་གྱི་རིང་ལ་ཨི་ཁོ་དྷོར་གྱི་གཞུང་གིས་གསང་བ་ཕྱིར་བསྒྲགས་ཁང་གསར་འཛུགས་པ་ཇཱུ་ལི་ཡན་ཨ་སན་ཇཱི་ལ་སྐྱབས་ཡུལ་སྤྲད་ནས་ཉར་འཇོག་བྱས་པས་དབྱིན་ཇི་དང་ཨ་མི་རི་ཀ ནུབ་ཕྱོགས་རྒྱལ་ཁབ་དང་ཨི་ཁོར་དྷོར་གྱི་འབྲེལ་བ་སྡུག་ཏུ་སོང་། ༢༠༡༧་ལོར་ཨི་ཁོ་དྷོར་གྱི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱིར་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུ། ཁོ་པར་ཨུ་སུ་སུར་བཅའ་སྡོད་ཨི་ཁོར་དྷོར་གྱི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་ཞིག་གི་གོ་གནས་སྤྲོད་རྒྱུའི་ཐག་གཅོད་བྱས་མོད། འོན་ཀྱང་༢༠༡༨་ལོའི་ཕྱི་ཟླ་༣་ནས་ཨི་ཁོ་དྷོར་གྱི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱིའི་དྲྭ་རྒྱ་བཀག ཁོ་པས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལ་དཔྱད་བརྗོད་མི་སྤེལ་བ་དང་ཐེ་གཏོགས་མི་བྱེད་རྒྱུའི་ཁས་ལེན་བྱས་པར་འགལ་འཛོལ་བྱུང་སོང་ཞེས་རྒྱུ་མཚན་བགྲངས།།

ད་དུང་ཨི་ཁོ་དྷོར་གྱི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱི་ལ་ཐུག་འཕྲད་དུ་ཡོང་བའི་མི་གྲངས་ཚོད་འཛིན་བྱས་པས་ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་ཇཱུ་ལི་ཡན་ཨ་སན་ཇཱིས་ཨི་ཁོར་གྱི་གཞུང་གཞུང་ལ་ཁ་མཆུ་བཙུགས། ཁོ་པའི་འགྲོ་བ་མིའི་ཐོབ་ཐང་ལ་ཨི་ཁོར་དྷོར་གྱི་གཞུང་གིས་རྡོག་བརྫིས་གཏོང་གི་འདུག་ཅེས་སྐྱོན་བཙུགས། ཇཱུ་ལི་ཡན་ཨ་སན་ཇཱིའི་ཝི་ཀི་གསང་བ་ཕྱིར་བསྒྲགས་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁང་གི་གསང་བ་ཕྱིར་སྒྲོགས་བྱེད་མཁན་ཚོར་གླེང་སྟེགས་ཤིག་བསྐྲུན། ༢༠༡༠་ལོར་ཝི་ཀི་གསང་བ་ཕྱིར་བསྒྲགས་ཁང་གིས་ཨ་མི་རི་ཀའི་དམག་གིས་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་གྱི་བཙོན་ཁང་ཁག་ཏུ་བཙོན་པ་ཚོར་རྡུག་རྡེག་དང་མནར་གཅོད། བཙོན་པའི་ཐོག་ཏུ་གློག་གཏོང་གི་ཡོད་པ་དང་ཁྱི་གློད་ཀྱི་ཡོད་པ། བཙོན་པ་རྣམས་དམར་རྗེན་ལ་བསླངས་ནས་ལུས་པོའི་ཐོག་ཏུ་གཅིན་པ་གཏོང་གི་ཡོད་པ། བཙོན་པའི་སྐེ་ལ་ལྕགས་ཐག་བསྐོན་ནས་ཁྲི་ལྟར་ཁྲིད་ཀྱི་ཡོད་པའི་བརྙན་པར་སོགས་གསང་བའི་ཡིག་ཆ་རྣམས་འཛམ་གླིང་ཡོངས་ལ་བཀྲམ། དེར་བརྟེན་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་མིང་ཆད་ཧ་ཅང་ངན་པ་ཕོག་ནས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་ཨ་མི་རི་ཀར་རྒྱབ་སྐྱོར་བྱ་རྒྱུ་སྟབས་བདེ་བོ་མེད་པར་གྱུར། སྐབས་དེའི་ཡིག་ཆ་རྐུ་འཁྱེར་པ་ཆལ་སི་མན་ལ་ཨ་མི་རི་ཀའི་གཞུང་གིས་ལོ་༣༥་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་ལོ་༧་གྱི་རྗེས་སུ་སྲིད་འཛིན་ཨོ་བྷ་མས་ཆལ་སི་མན་ཉེས་ཡངས་བཏང་བ་དང་། ༢༠༡༦་ལོར་ཝི་ཀི་གསང་བ་ཕྱིར་བསྒྲགས་ཁང་གིས་ཧི་ལི་རི་ཁེ་ལིན་ཊོན་གྱི་གློག་འཕྲིན་སྟོང་ཕྲག་མང་པོ་དྲྭ་ལམ་དུ་བཀྲམ། ཇཱུ་ལི་ཡན་ཨ་སན་ཇཱིས་བསམ་བཞིན་ཧི་ལ་རི་ཁེ་ལིན་ཊོན་ལ་བསམ་ནག་བྱས་ནས་ཨ་རིའི་འོས་འདེམས་ལ་དོ་ཕོག་འགྲོ་རྒྱུ་དེར་འཛེམ་ཟོན་བྱས་མེད། ཁོ་པས་གློག་འཕྲིན་དེ་རྣམས་ཨུ་རུ་སུའི་གཞུང་གིས་སྤྲད་པ་མིན་ཞེས་བསྒྲགས།།

ཇཱུ་ལི་ཡན་ཨ་སན་ཇཱིའི་རྒྱབ་སྐྱོར་པ་དང་གསར་འགོད་རང་དབང་སྲུང་སྐྱོབ་པ་ཚོས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁོར་དྷོར་གྱི་སྲིད་འཛིན་ལ་ངོ་རྒོལ་དང་དབྱིན་ཇིའི་གཞུང་གིས་ཇཱི་ལི་ཡན་ཨ་སན་ཇཱི་འཛིན་བཟུང་བྱེད་མི་ཆོག གསར་འགོད་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པ་དང་ཇཱུ་ལི་ཡན་ཨ་སན་ཇཱི་ལ་ནག་ཉེས་བཙུགས་ཡོད་པ་རྣམས་ཆབ་སྲིད་ཀྱི་ཀུན་སློང་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་རུང་། ཇཱི་ལི་ཡན་ཨ་སན་ཇཱིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཁག་ཕྱིར་བསྒྲགས་བྱས་ཡོད་པ་ལས། ཁོ་པས་འཛམ་གླིང་གི་སྲིད་དབང་སྒེར་གཅོད་པ་རྣམས་དང་སྲིད་དབང་གཅིག་སྡུད་ཀྱི་སྲིད་གཞུང་ཁག་གི་སྐྱོན་ཆ་རྣམས་ཐེར་འཛིན་བྱས་ནས་གསང་བའི་གནས་ཚུལ་གཅིག་ཀྱང་ཕྱིར་བསྒྲགས་བྱས་མེད་ཅིང་། དེས་ན་ཇཱུ་ལི་ཡན་ཨ་སན་ཚད་ལྡན་གྱི་གསར་འགོད་རང་དབང་སྲུང་སྐྱོབ་པ་ཞིག་ལ་བརྩི་དཀའ། དབྱིན་ཇིའི་གཞུང་གིས་ཇཱུ་ལི་ཡན་ཨ་སན་ཇཱིར་དབྱིན་ཡུལ་དུ་ཁྲིམས་བཤེར་བྱེད་པའམ། ཡང་ན་ཁོ་པ་ཨ་མི་རི་ཀར་རྩིས་སྤྲོད་བྱས་ནས་ཨ་རིའི་གཞུང་ལ་ཇཱུ་ལི་ཡན་ཨ་སན་ཇཱིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱེད་དུ་འཇུག་སྲིད་དོ།།

XS
SM
MD
LG