ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀ་ཤི་མིར་ལ་དམིགས་བསལ་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱ་སྲིད།


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པས་ཇ་མུ་དང་ཀ་ཤི་མིར་མི་དམངས་ལ་རྒྱ་གར་གཞུང་གིས་ལོ་བཅུ་ཕྲག་མང་པོར་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཡོད་པ་རྣམས་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་འོས་འདེམས་ལས་འགུལ་གྱི་སྤྱི་བསྒྲགས་ཤིག་སྤེལ། སྲིད་བློན་མོ་དྷིའི་གཏམ་བཤད་དེས་ཁ་ཆེ་གྲངས་མང་ཡིན་པའི་རྒྱ་གར་གྱི་མངའ་སྡེ་དེར་ཟིང་ཆ་སློང་རྒྱུའི་ཉེན་ཀ་འབྱུང་སྲིད། གཟའ་ཟླ་བའི་ཉིན་ལྡི་ལི་གསར་པར་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་བའི་སྐབས་སུ་རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་རྣམས་ཕྱིར་བསྡུ་བྱ་དགོས། དཔེར་ན་མངའ་སྡེ་དེའི་ཡུལ་མི་མིན་པའི་རྒྱ་གར་བ་ཚོས་ཀ་ཤི་མིར་གྱི་ས་ཐོག་ཏུ་ས་ཁང་ཉོ་མི་ཆོག་པའི་བཀག་སྡོམ་བྱེད་ཡོད་པ་ཁྲིམས་འགལ་ཡིན་པ་དང་ཀ་ཤི་མིར་རྒྱ་གར་རྒྱལ་ཡོངས་ལ་མཉམ་འདྲེས་བྱེད་མི་ཐུབ་པའི་འགོག་རྐྱེན་དུ་འགྱུར་གྱིན་འདུག ང་ཚོས་བལྟས་ན་རྩ་ཁྲིམས་དོན་ཚན་༣༥་པའི་ནང་གསེས་ཀ་པ་ནི་མངའ་སྡེ་དེ་ཡར་རྒྱས་གཏོང་བའི་འགོག་རྐྱེན་ཞིག་རེད་ཅེས་༡༩༥༤་ལོར་རྒྱ་གར་གྱི་རྩ་ཁྲིམས་ལ་བསྐྱར་བཅོས་བྱས་ནས་ཀ་ཤི་མིར་མི་དམངས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཡོད་པ་དེར་དགག་པ་བརྒྱབ་འདུག

ཀ་ཤི་མིར་གྱི་ཁ་ཆེའི་འགོ་ཁྲིད་ཚོས་མངའ་སྡེ་དེར་རྒྱ་གར་གྱི་རྩ་ཁྲིམས་སུ་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཡོད་པ་རྣམས་ཕྱིར་བསྡུ་བྱས་ན་ཕྱོགས་ཡོངས་ནས་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད་ཅེས་ཉེན་བརྡ་བཏང་ཡོད་པར་མ་ཟད། ཀ་ཤི་མིར་གྱི་ཁ་ཆེ་དྲག་སྤྱོད་པ་ཚོས་རྒྱ་གར་གྱི་དབང་སྒྱུར་ལ་ངོ་རྒོལ་དང་དྲག་པོས་གྱེན་ལོག་བྱེད་ཀྱི་ཡོད་པ་སྟེ། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༦་ཉིན་ཀ་ཤི་མིར་གྱི་དྲག་སྤྱོད་པ་ཞིག་གིས་རླངས་འཁོར་ནང་དུ་འབར་རྫས་བརྩིགས་ཏེ་རྒྱ་གར་གྱི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་མི་༤༢་བསད་པ་དང་མི་༢༠་ལྷག་རྨས། ཀ་ཤི་མིར་གྱི་དྲག་སྤྱོད་པ་དེར་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་རྒྱབ་སྐྱོར་བྱས་པ་ཡིན་ཞེས་འཇིགས་སྐུལ་ཚོགས་པ་དེས་བསྒྲགས། ཟླ་བ་འདིའི་ཚེས་༡༡་ནས་ཕྱི་ཟླ་༥་པའི་ཚེས་༢༣་བར་དུ་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པ་དེར་རྒྱ་གར་མི་དམངས་འོས་ཤོག་འཕེན་མཁན་དུང་ཕྱུར་༩་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་པ་ཀི་སི་ཐན་ལ་འགལ་འཐབ་སློང་བའི་རྩ་དོན་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་པ་ཀི་སི་ཐན་གྱིས་ཀྱང་ཀ་ཤི་མིར་གྱི་བདག་དབང་རྩོད་པ་དང་། རྒྱ་གར་གཞུང་གིས་ཀ་ཤི་མིར་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་ཟེར།།

ཉམས་ཞིབ་པ་མང་ཆེ་བས་ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་དབྱེ་ཞིབ་པ་ཁག་ཅིག་གིས་སྲིད་དོན་ཚོགས་པ་དེར་ལོ་ལྔའི་གོང་དུ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པ་དེ་འདྲ་ཞིག་ལོ་འདིའི་འོས་འདེམས་སྐབས་སུ་བསྐྱར་དུ་འཐོབ་མི་ཐུབ་པའི་རྩིས་རྒྱག་གི་ཡོད་མོད། ར་ཧུལ་གྷན་དྷིས་འགོ་ཁྲིད་པའི་རྒྱ་གར་གྱི་ཀོང་རེ་སི་ཚོགས་པས་ས་གནས་ཁག་གི་སྲིད་དོན་ཚོགས་པ་ཁག་ལ་མཉམ་འབྲེལ་བྱས་ནས་སྲིད་བློན་མོ་དྷིའི་ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པ་ཕམ་ཉེས་གཏོང་ཐུབ་པའི་ཤུགས་བརྒྱབ་སྟེ། ཁོ་ཚོས་རྒྱ་གར་གྱི་ཞིང་པ་དབུལ་ཕོངས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དང་མི་དམངས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ། ཕྱི་རྒྱལ་ནས་རྒྱ་གར་ལ་མ་རྩ་འཛུགས་མཁན་ཇེ་མང་དུ་གཏོང་རྒྱུ་དང་རྒྱ་གར་གྱི་ཁྲལ་བསྡུ་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུ་ཡིན་ཞེས་སྒྲོགས། ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པས་ཕྱི་ལོ་༢༠༢༤་བར་དུ་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་འགྲོ་གྲོན་བཏང་ནས་རྒྱ་གར་གྱི་རྨང་གཞིའི་མཐུན་རྐྱེན་ཁག་འཛུགས་སྐྲུན་དང་ཡར་རྒྱས་གཏོང་རྒྱུ་ཡིན། རྒྱལ་ཁབ་ཀྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་ཡར་རྒྱས་བཏང་ནས་ལོ་ལྟར་རྒྱ་གར་གྱི་ན་གཞོན་ལས་རྩོལ་བ་ས་ཡ་མང་པོར་ལ་ལས་ཀ་གོ་སྒྲིག་བྱ་ཐུབ། ༢༠༡༧་ནས་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་ཁྲལ་བསྡུ་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུ་དང་ཕྱི་རྒྱལ་བ་ཚོས་རྒྱ་གར་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་སྟབས་བདེ་རུ་གཏོང་རྒྱུ་འགོ་ཚུགས་ཡོད་ཅེས་གྲུབ་འབྲས་བགྲངས། ད་དུང་ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པར་ཡང་བསྐྱར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་གར་མི་དམངས་ལ་དཔྱ་ཁྲལ་གཅོག་རྒྱུ་དང་ཚོང་ལས་ཆུང་ཁག་ལ་མ་རྩ་དངུལ་སྒོར་བསྐྱི་རྒྱུ་ཡིན་ཞེས་ཁས་ལེན་གྱི་ཡོད་པ་རེད།།

XS
SM
MD
LG