ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༢༢

ཇཱོར་ཇི་ཧྥེ་ནཱན་ཌ་སེ་དང་རྒྱ་རི་རིན་པོ་ཆེ་རྣམ་གཉིས་ཀྱི་རྗེས་དྲན་ལ་གནང་བའི་གསུང་འཕྲིན།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་ཇཱོར་ཇི་ཧྥེ་ནཱན་ཌ་སེ་ དང་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དམ་པ་རྣམ་གཉིས་ལ་རྗེས་དྲན་ཞིག་འཚོགས་རྒྱུ་ཡིན་པ་དེའི་ཐོག་ལ་༧་གོང་ས་མཆོག་གིས་གསུང་འཕྲིན་གནང་འདུག

སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་དང་པོའི་ནང་དགོངས་པ་རྫོགས་པའི་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་དང་རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཇཱོར་ཇི་ཧྥེ་ནཱན་ཌ་སེ་དང་སྤྱི་ལོ་༢༠༡༨ ལོའི་ཟླ་བཅུ་པའི་ནང་དགོངས་པ་རྫོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་དང་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ལ་སྤྱི་ཚེས་༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་གོ་སྒྲིག་འོག་རྗེས་དྲན་ཞིག་འཚོགས་རྒྱུ་ཡིན་འདུག

༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྗེས་དྲན་དེའི་ཐོག་ལ་གསུང་འཕྲིན་གནང་བ་དེའི་ནང་དུ་གོང་ས་མཆོག་གིས་ངེད་ཀྱི་ཐུགས་ཉེ་གྲོགས་པོ་ཇཱོར་ཇི་ཧྥེ་ནཱན་ཌ་སེ་དང་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ལ་རྒྱལ་ས་ལྡི་ལིར་རྗེས་དྲན་ཞིག་འཚོགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བར་ང་རང་དགའ་པོ་བྱུང་། དམ་པ་སློབ་དཔོན་རཱམ་མཱ་ནོ་ཧར་ ལཱོ་ཧེའ་ དང་ཇཱེ་པིརཱ་ཁཱ་ཤི་ ནཱ་རཱ་ཡཱན་ ཨ་ཅཱར་ཡ་ ཁཱེར་པཱ་ལ་ནཱི་ ཇཱོར་ཇི་ཧྥེ་ནཱན་ཌ་སེ་ སོགས་ནི་དང་ཐོག་བོད་མི་ཚོ་སྐྱབས་བཅོལ་བར་གྱུར་བའི་འགག་རྩའི་སྐབས་ནས་བཟུང་སྟེ་རྒྱབ་སྐྱོར་བྱེད་མཁན་རྒྱ་གར་གྱི་ཆབ་སྲིད་པ་རྣམས་ཡིན་ལ། ལོ་ངོ་བཅུ་ཕྲག་ལྔའི་རིང་ངས་དམ་པ་ཇཱོར་ཇི་ཧྥེ་ནཱན་ཌ་སེ་ངོ་ཤེས་པ་ལས། དམ་པ་ཁོང་གིས་བདེན་པ་མཐོང་བའི་ལྟ་གྲུབ་ལ་ཡིད་ཆེས་ཀྱིས་ཐུགས་དམ་ཟབ་མོས་ཤར་སྐྱོད་བྱེད་པར་ངས་བསྔགས་བརྗོད་ཞུ་ཡི་ཡོད། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་རྒྱ་གར་ནང་ཉམ་ཐག་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཕྱག་ལས་གནང་ཞིང་། ཁོང་ནི་ངལ་རྩོལ་བའི་ཐོབ་ཐང་སྲུང་སྐྱོབ་པ་དང་འགོ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་ལ་ཡང་ཁོང་གིས་བོད་དང་འབར་མ་གཙོས་པའི་བཙན་གནོན་འོག་ཡོད་པའི་མི་དམངས་ཀྱི་ཆེད་དུ་གཏམ་བཤད་ཀྱི་གོ་སྐབས་ཤིག་སྣང་མེད་དུ་བཏང་མྱོང་མེད་ཅེས་༧གོང་ས་མཆོག་གིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་དམ་པ་ཇཱོར་ཇི་ཧྥེ་ནཱན་ཌ་སེ་ལ་དྲན་གསོ་གནང་འདུག

ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དམ་པ་དེའི་ཐད་ལ་༧གོང་ས་མཆོག་གིས་ཕྱག་འཕྲིན་ནང་འཁོད་དོན། རྒྱ་རི་བློ་གྲོས་རྒྱལ་མཚན་ནི་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་མར་བཙུགས་པའི་སྐབས་ནས་ཞབས་ཞུ་གྲུབ་མཁན་གྱི་བོད་པའི་གཞོན་སྐྱེས་གྲས་ཤིག་རེད། ཇཱོར་ཇི་ཡིས་ཁོང་དང་སློབ་དཔོན་ལཱོ་ཧེའ་ངོ་སྤྲོད་བྱུང་རྗེས་ཁོང་རྣམ་པ་ཕན་ཚུན་བློ་ཐག་ཉེ་པོའི་ངང་མཉམ་ལས་གནང་མྱོང་ཡོད། ཁོང་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནས་བོད་དོན་ཐོག་དོ་སྣང་ཡོང་ཐབས་ཀྱི་གཙོས་པའི་ལས་དོན་ཐོག་ལས་འགན་ཧ་ཅང་མང་པོ་བཞེས་མྱོང་ཡོད་ཅེས་བཀའ་གནང་འདུག

༧གོང་ས་མཆོག་གི་ཕྱག་འཕྲིན་དེའི་མཐའ་མར། ང་ཚོས་ཁོང་རྣམ་པའི་མི་ཚེར་རྗེས་དྲན་བྱེད་སྐབས་ཁོང་རྣམ་པས་འཛམ་གླིང་འདི་བཟང་ཕྱོགས་སུ་ཁྲིད་ཐབས་ཐད་ཐུན་མོང་གིས་མཉམ་ལས་བྱེད་སྟངས་ལ་དྲན་གསོ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་བཀོད་ཡོད་ཅིང་། ཕྱག་བྲིས་ཀྱི་མཇུག་ཏུ་ཏཱ་ལའི་བླ་མ་ཞེས་མཚན་རྟགས་དང་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༤ཚེས་༥ཉིན་ཞེས་བཀོད་གནང་འདུག

XS
SM
MD
LG