བོད་མི་མང་སྤྱི་འཐུས་སྐབས་༡༦་པའི་གྲོས་ཚོགས་ཚོགས་དུས་ཐེངས་༧་པར་བཀའ་ཤག་གིས་འོས་འདོན་གནང་བའི་བཀའ་བློན་འོས་མི་སྟོབས་རྒྱལ་ཚེ་རིང་ལ་སྤྱི་འཐུས་༤༣་ཡོད་པའི་ཁོངས་ནས་འོས་གྲངས་༢༡་ཐོབ། སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་གྲངས་བརྒྱ་ཆ་༥༠་ལོངས་ཡོད་པར་ངོས་འཛིན་གྱིས་འོས་འདེམས་བཀའ་བློན་ལ་ཐག་གཅོད་གནང་སྟེ། སྤྱི་ཟླ་༤་པའི ཚེས་༡་ཉིན་ལས་ཁུར་དམ་འབུལ་མཛད་སྒོ་གཏན་ཁེལ་མོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་འཐུས་མི་༤༣་གྱི་ཁོངས་ནས་འོས་གྲངས་༢༡་ལས་ཐོབ་མེད་པ་ནི་འོས་གྲངས་བརྒྱ་ཆ་༥༠་ལོན་མེད་པས་འདེམས་ཐོན་བཀའ་བློན་ལ་ངོས་ལེན་བྱ་ཐབས་མེད་ཅེས་ཕྱི་ཚེས་༤་ཉིན་གསར་འགོད་གསལ་བསྒྲགས་སྤེལ། བཀའ་བློན་གྱི་འོས་གཞིར་བཅའ་ཁྲིམས་དོན་ཚན་༢༢་པའི་དགོངས་དོན་ལྟར་འོས་གྲངས་བརྒྱ་ཆ་མ་ལོན་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཡོངས་ཁྱབ་གསལ་བསྒྲགས་ཞེས་པའི་ཡིག་ཆ་དོན་ཚན་ཆེན་པོ་གཉིས་ཅན་ཞིག་བཀྲམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་གྲོས་ཚོགས་ཀྱི་ཐག་གཅོད་ལ་ངོས་ལེན་མ་བྱས་པའི་རྒྱུ་མཚན་གཞི་བཅོལ་སའི་བཅའ་ཁྲིམས་དོན་ཚན་དང་སྤྱི་འཐུས་ཀྱི་འོས་གྲངས་བརྒྱ་ཆ་༥༠་མ་ལོན་པའི་རྩིས་ཀྱི་རིག་པ་བཅས་ལ་གསལ་བཤད་གནང་འདུག