ཁ་སང་སྤྱི་ཟླ་༤་པའི་ཚེས་༢་ཉིན་རྒྱ་ནག་དབུས་ཞིབ་བཤེར་ལྷན་ཁང་གིས་ཡུ་གུར་བའི་རྒྱ་ནག་དབུས་རིམ་པའི་འགོ་ཁྲིད་ནུའུ་ཨར་པད་ཁི་ལི་ལྐོག་ཟ་རུལ་སུངས་སུ་གྱུར་པའི་ཉེས་མིང་འོག་ཏུ་དངོས་སུ་འཛིན་བཟུང་བྱས་འདུག ནུའུ་ཨར་པད་ཁི་ལིས་དེ་སྔོན་ཞིན་ཅིང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གྱི་ལས་ཁུར་བཞེས དེའི་རྗེས་སུ་རྒྱ་ནག་དབུས་གཞུང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ལྷན་ཁང་གི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་འགན་འཛིན་གཞོན་པའི་ལས་གནས་བཟུང་། རྒྱ་ནག་ནུས་ཤུགས་ལྷན་ཁང་གི་འགན་འཛིན་དང་དམར་ཤོག་ཚོགས་པའི་དྲུང་ཆེ་སོགས་ཀྱི་ལས་འགན་ཁུར་མྱོང་བ་རེད།།
ད་ལྟ་ཁོ་པ་དངོས་སུ་འཛིན་བཟུང་བྱས་ནས་རྒྱ་ནག་དབུས་ཞིབ་བཤེར་ལྷན་ཁང་གི་ཁྲིམས་གཏུགས་འགྲོ་ལུགས་ལྟར་མུ་མཐུད་དུ་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། ཉེ་ཆར་སྤྱི་ཟླ་༣་པའི་ཚེས་༡༦་ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ནུའུ་ཨར་པད་ཁི་ལི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བྱས་འདུག ད་ལྟ་ལོ་ན་༥༨་ལ་སོན་པའི་པད་ཁི་ལི་ནི་ད་སྔ་ཡུ་གུར་བ་ཞིག་གིས་རྒྱ་ནག་དབུས་གཞུང་གི་གོ་གནས་ཆེས་མཐོ་ཤོས་ཟིན་མཁན་དེ་ཡིན་པར་མ་ཟད། སྔ་ལོའི་སྤྱི་ཟླ་༩་པ་ནས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིན་ཅང་གི་མཐོ་རིམ་འགོི་ཁྲིད་པད་ཁི་ལིར་བརྟག་དཔྱད་བྱ་རྒྱུའི་འགོ་ཚུགས། ད་ལོའི་སྤྱི་ཟླ་༣་པར་པད་ཁི་ལིས་བག་མེད་རྒྱས་སྤྲོས་དང་རང་གི་ཁྱིམ་རྒྱུད་ལ་ཕྱོགས་རིས་བྱས་ནས་རུལ་སུངས་སུ་གྱུར། ཁོ་པས་རང་གི་ལས་གནས་ཀྱི་དབང་ཆ་སྒེར་གཅོད་བྱས་ནས་ལས་བྱེད་པ་བསྐོ་བཞག་དང་རྒྱུ་ནོར་གྱི་ཁེ་ཕན་བླངས། ཁོ་པའི་བྱས་ཉེས་ལ་ཞིབ་བཤེར་བྱ་རྒྱུར་བཀག་འགོག་བྱས་འདུག་ཅེས་བསྒྲགས།།
ད་ཐེངས་ཁོ་པ་དངོས་སུ་འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱུང་བར་དབྱེ་ཞིབ་པ་ཁ་ཤས་ཀྱིས་སྔོན་ཆད་ནུའུ་ཨར་པད་ཁི་ལིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་ལས་གནས་བཟུང་བའི་སྐབས་སུ་ཆབ་སྲིད་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མི་ལེགས་པའི་སྟབས་ཀྱིས་ཡིན་སྲིད་ཅེས་བརྗོད། ཡང་ན་ནིང་ཁོ་པར་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུའི་འགོ་བཙུགས་པའི་སྐབས་སུ་ཨ་རིའི་ཝོ་སི་ཊི་རས་ཊི་ཉིན་རེའི་ཚགས་ཤོག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་སྲིད་ཇུས་ཅི་འདྲ་ཞིག་འཛིན་གྱི་ཡོད་མེད་ཀྱི་གནས་ཚུལ་དང་འབྲེལ་བ་མི་འདུག་ཅེས་དཔྱད་བརྗོད་སྤེལ།།
ནུའུ་ཨར་པད་ཁི་ལི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བར་སྟངས་འཛིན་ནན་པོ་བྱེད་བཞིན་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཁོ་པས་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་ཀྱི་བསམ་བློ་རྩ་སློག་བྱ་དགོས་པའི་ལྟ་ཚུལ་བཏོན་མྱོང་། འཇིགས་སྐུལ་དྲག་སྤྱོད་པར་དྲག་གནོན་བྱ་དགོས་པའི་དགོས་འདུན་བཏོན་མྱོང་ཡོད་པས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་ཚོགས་པ་ཁག་གིས་ནུའུ་ཨར་པད་ཁི་ལི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཆ་ཙམ་ཡིན་པ་ལས་དོན་དངོས་སུ་མི་དེས་ཡུ་གུར་བའི་ཚབ་མཚོན་མི་ཐུབ་ཅེས་དགག་པ་བརྒྱབ། ན་ནིང་སྤྱི་ཟླ་༩་པར་ནོའུ་ཨར་པད་ཁི་ལི་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲིན་དང་མཉམ་དུ་ཨུ་རུ་སུའི་རྒྱལ་ས་མོ་རུ་ཀོར་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་མཉམ་འབྲེལ་གྱི་ཚོགས་འདུར་ཕྱིན་ནས་ཕྱིར་ལོག་སྐབས་སུ་པེ་ཅིང་གནམ་ཐང་དུ་འཛིན་བཟུང་བྱས་ནས་གཞུང་གི་ལྟ་རྟོག་འོག་ཏུ་བརྟག་དཔྱད་བྱས་ཤིང་། ད་ལྟ་གཞི་ནས་ཁོ་པར་དངོས་སུ་འཛིན་བཟུང་བྱས་པའི་གསལ་བསྒྲགས་སྤེལ་བ་ཞིག་རེད།།
ཞིན་ཅང་གི་དཔོན་རིགས་ཤིག་འཛིན་བཟུང་བྱས་ཚེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་རྒྱ་ནག་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་དང་འབྲེལ་བ་ཅི་ཙམ་ཡོད་མེད་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞིན་ཅང་དུ་ཡུ་གུར་བ་སོགས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་ཡོངས་གྲགས་སུ་གྱུར། ད་ལྟ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན་ཞིན་ཅང་དུ་ཏུར་ཀིའི་སྤྱི་དམངས་དང་གཏན་སྡོད་ཆོག་མཆན་ཡོད་པའི་མི་དྲུག་ཙམ་ཞིན་ཅང་གི་བཀག་ཉར་ཁང་དུ་བཅུག མ་འོངས་པར་ཨ་རི་སོགས་རྒྱལ་ཁབ་གཞན་གྱི་སྤྱི་དམངས་དང་གཏན་སྡོད་ཆོག་མཆན་ཡོད་པའི་མི་ཡང་ཞིན་ཅང་གི་བཀག་ཉར་ཁང་དུ་འཇུག་སྲིད་པར་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།