ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༡༩

ཐེ་ཝན་དང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཐུག་གྲབས།


༄༅།།གཟའ་མཇུག་དེར་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་གཉིས་ཐེ་ཝན་མཚོ་འགག་གི་ས་མཚམས་བརྒལ་ནས་མཚོ་གླིང་དེའི་མཁའ་དབྱིངས་སུ་སྐོར་གཡེང་དུ་འཕུར། ཐེ་ཝན་གྱི་དམག་གིས་འཐབ་འཛིང་གནམ་གྲུ་གཉིས་བཏང་ནས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་ཚོར་འགོག་རྒོལ་དང་ཐེ་ཝན་གཞུང་གིས་རྒྱ་ནག་གིས་ཚོད་འཛིན་མེད་པར་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་༡༡་ཙམ་ལ་རྒྱ་ནག་གི་ཇཱེ་༡༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་ཐེ་ཝན་མཚོ་འགག་གི་ས་མཚམས་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་སྐོར་གཡེང་བྱས་འདུག ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་ཇཱེ་༡༡་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་ས་མཚམས་བརྒལ་ནས་སྐོར་གཡེང་བྱས་པ་ནི་བསམ་བཞིན་བྱས་པ་ཞིག་ཡིན་པས་ང་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྙན་སེང་ཞུས་ཡོད། ཐེ་ཝན་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་འདིའི་རིགས་ལ་ཁ་རྡུང་གཏོང་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

རྒྱལ་སྤྱིའི་ཞིབ་འཇུག་དང་འཐབ་ཇུས་ཁང་གི་ཉམས་ཞིབ་པ་བྷོ་ནེ་གྷེ་ལ་སར་གྱིས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་དག་བསམ་བཞིན་ས་མཚམས་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་སྐོར་གཡེང་བྱས་པ་ཁུངས་སྐྱེལ་ཐུབ་ཚེ། རྒྱ་ནག་གིས་ལོ་མང་པོ་ཞིག་གི་རིང་རྩིང་སྤྱོད་འདི་འདྲ་ཞིག་སྤེལ་བ་ཐེངས་དང་པོ་ཡིན་ཞིང་། ༡༩༩༩་ལོར་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་རྟག་ཏུ་ཐེ་ཝན་མཚོ་འགག་གི་ས་མཚམས་སུ་ཐེངས་མང་པོ་འཕུར་མྱོང་ཡོད་ཀྱང་དེ་ནས་བཟུང་སྟེ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་རྣམས་ས་མཚམས་ཀྱི་ཉེ་འཁོར་ནས་ཕྱིར་ལོག་བྱས་པ་རེ་ཟུང་བྱུང་ཡོད། འདས་པའི་ལོ་༢༠་ཡས་མས་ཤིག་གི་རིང་ལ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ས་མཚམས་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་མྱོང་མེད། ༢༠༡༡་ལོར་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་ཁག་ཅིག་སྟེས་དབང་གིས་ཐེ་ཝན་གྱི་ས་མཚམས་བརྒལ་ནས་སྐོར་གཡེང་བྱས་པ་ཞིག་བྱུང་ཡོད་ཅེས་བཤད།།

རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཆེ་རུ་འགྲོ་བའི་སྐབས་འདིར་ཐེ་ཝན་གྱི་རང་སྲུང་མཚོན་ཆ་ཡག་ཏུ་གཏོང་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་རེ་བ་ཞུས་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་ཐེ་ཝན་ལ་མཚོན་ཆ་བཙོང་གི་ཡོད་པ་ནི་ཧ་ཅང་གི་ཉེན་ཀ་ཞིག་ཡིན་ཞེས་ཉེན་བརྡ་བཏང་འདུག ཐེ་ཝན་གཞུང་གིས་ལོ་བཅུ་ཕྲག་གཅིག་ལྷག་གི་གོང་ནས་ཨ་མི་རི་ཀར་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་འབོད་སྐུལ་ཞུས། གལ་སྲིད་ཨ་མི་རི་ཀས་ཐེ་ཝན་ལ་ཨེབ་༡༦་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག་བཙོངས་ན་མཚོ་གླིང་དེའི་གནམ་དམག་གི་སྟོབས་ཤུགས་ཆེ་རུ་བཏང་བ་ཁོ་ན་མིན་པར་ཐེ་ཝན་ལ་ཨ་མི་རི་ཀས་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོད་པ་ཞིག་མཚོན་ཐུབ།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུའི་མོས་མཐུན་བྱེད་ཀྱི་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་ཀྱང་༡༩༩༢་ནས་ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་མེད་ཅིང་། ཨ་མི་རི་ཀས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག་བཙོངས་པའི་དབང་དུ་བཏང་རུང་མཚོ་འགག་ཕྱོགས་གཉིས་ལ་དམག་གི་སྟོབས་ཤུགས་ཆ་མཉམ་མེད་པ་སྙོམས་དཀའ། ཨ་མི་རི་ཀས་དམངས་གཙོའི་ལམ་ནས་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་གཞུང་ལ་རྒྱབ་སྐྱོར་བྱ་འདོད་པ་དང་རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་མི་ཆོག་པའི་བརྡ་ཞིག་གཏོང་གི་ཡོད་པའི་རྟགས་མཚན་ཡིན། སིངྒ་པུར་གྱི་ར་ཇི་ན་ཐམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གྲྭ་ཆེ་མོའི་ཉམས་ཞིབ་པ་ཝུ་ཧྲང་སུ་ཡིས་ཨ་མི་རི་ཀས་རྒྱ་ནག་ལ་ཕོག་ཐུག་ཅི་ཙམ་འགྲོ་རྒྱུ་ཡིན་མིན་ལ་བསམ་བློ་གཏོང་མི་སྲིད་ཀྱང་རྒྱ་ནག་ལ་བརྡབ་འཁྲུག་ཆེན་པོ་ཞིག་ཐེབས་སྲིད་ཅེས་བཤད་འདུག

དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས་པའི་གླེང་སློང་མཚམས་ཆད་མེད་པར་མ་ཟད། ཨ་མི་རི་ཀའི་དམག་གྲུ་རེ་ཟུང་ཐེངས་འགའ་ཞིག་ལ་ཐེ་ཝན་མཚོ་འགག་ཏུ་བཏང་ནས་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པ་བསྟན། ༡༩༩༧་ནས་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་འཛམ་གླིང་གི་སྟོབས་ཤུགས་ལྡན་པའི་དཔུང་སྡེའི་གྲས་སུ་ཚུད་ཐབས་བྱས་ནས་ཡར་རྒྱས་གཏོང་གི་ཡོད་པར་བརྟེན། ཐེ་ཝན་མི་དམངས་ས་ཡ་༢༣་ལ་རྒྱ་ནག་གི་གནོན་ཤུགས་ཐེབས་ཀྱི་ཡོད་པ་དེ་འདྲ་ཞིག་གཞན་པ་སུ་གཅིག་གིས་ཀྱང་མྱོང་གི་མེད་ཅིང་། ༢༠༡༩་ལོའི་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་ཆོག་ཅེས་གྲོས་གཞི་བཏོན་པར་ཐེ་ཝན་གཞུང་གིས་འཕྲལ་དུ་ཧོང་ཀོང་གི་དཔེ་སྲོལ་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་མོས་མཐུན་མེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG