༄༅།། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝྭེ་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་ཕེབས། སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཧ་ཝ་དབྱི་མངའ་སྡེར་འབབ་སྡོད་བྱས་ནས་གསར་འགོད་པ་ཚོར་བཀའ་མོལ་གནང་དོན། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེ་ལ་བལྟས་ཚེ། ཐེ་ཝན་གྱི་རང་སྲུང་སྟོབས་ཤུགས་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་ངེས་སུ་གྱུར་ཡོད། ཧོང་ཀོང་གི་ཉམས་མྱོང་ཐོག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལམ་ལུགས་དང་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་གཉིས་ནམ་ཡང་མཐུན་ཐབས་མེད་པ་ར་འཕྲོད་སོང་། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་ལྕགས་འཁྲབ་འཁོར་ལོ་བཙོང་དགོས། ཐེ་ཝན་ལ་ཨ་མི་རི་ཀའི་ཡར་ཐོན་མཚོན་ཆ་ཡོད་ན་ང་ཚོའི་སྐམ་མཚོ་གནམ་གསུམ་གྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་ཐུབ། ད་དུང་ཐེ་ཝན་གྱི་དམག་ལ་སྙིང་སྟོབས་བསྐྱེད་ཐུབ་པའི་ཕན་ཐོགས་ཀྱང་ཡོད་ཅེས་བཤད།།
གལ་སྲིད་ཨ་མི་རི་ཀས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དང་ལྕགས་འཁྲབ་འཁོར་ལོ་བཙོངས་ན་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བར་འགལ་ཟླ་འབྱུང་རྒྱུ་ཉག་ཅིག་ཡིན་ཞིང་། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆོན་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་བའམ། ཡང་ན་ཨ་མི་རི་ཀ་དང་ཐེ་ཝན་གྱི་དམག་གི་འབྲེལ་བ་འཛིན་གྱི་ཡོད་པ་སོགས་ལ་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་རུང་ཐེ་ཝན་གྱི་རང་བཙན་ལས་འགུལ་ཤུགས་ཆེ་རུ་བཏང་བ་དང་། ཕྱི་ལོགས་ནས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ན་ང་ཚོས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་རྒྱ་ནག་གི་ལངས་ཕྱོགས་བསྐྱར་དུ་བཟློས། ཡིན་ནའང་༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་བཟུང་། ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ཐེ་ཝན་མཚོ་འགག་གི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀས་གནད་འགག་ཆེན་པོ་ཞིག་ལ་བརྩི་དགོས་པའི་ཐག་བཅད།།
ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་མི་རི་ཀའི་ཧ་ཝ་དབྱི་མངའ་སྡེ་ནས་རྒྱལ་ས་ཝ་ཤིང་ཊོན་གྱི་ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཚོར་གཏམ་བཤད་བྱས་པ་ལྟར་ན་ཐེ་ཝན་ལ་ཞི་བདེ་དོན་གཉེར་དང་དམག་འཁྲུག་སློང་འདོད་མེད། ང་ཚོས་རང་གི་དམངས་གཙོ་དང་རང་དབང་། ཐེ་ཝན་གྱི་འཚོ་བའི་གོམས་སྲོལ་ལ་སྲུང་སྐྱོབ་མི་བྱེད་ཀ་མེད་རེད། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཉིས་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད། ཐེ་ཝན་ལའང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཆོག་ཟེར་གྱི་ཡོད་མོད། ཡིན་ནའང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་ལ་ཅི་ཞིག་འབྱུང་གི་ཡོད་པར་ཐེ་ཝན་གྱིས་ངེས་པར་དུ་དོགས་ཟོན་བྱ་དགོས། ཐེ་ཝན་གྱི་སྲིད་དོན་ཚོགས་པ་གང་འདྲ་ཞིག་ཡིན་རུང་ཁྱད་པར་མེད། ཧོང་ཀོང་གི་དངོས་ཡོད་གནས་སྟངས་དེས་ཐེ་ཝན་གྱི་སྲིད་དོན་པ་ཚོར་རྒྱ་ནག་གི་གཡོ་ཐབས་ལ་གཟབ་ནན་བྱ་དགོས་པའི་དྲན་སྐུལ་ཐེབས་དགོས། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་ནས་ལོ་༤༠་འཁོར་བར་མ་ཟད། འདས་པའི་ལོ་ངོ་དེ་དག་གི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞེས་གཏམ་བཤད་བྱས་འདུག
སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཧ་ཝ་དབྱི་མངའ་སྡེ་བརྒྱུད་ནས་པ་ལོ་དང་ནོ་རུ། མར་ཤཱེལ་གླིང་ཚོམ་བཅས་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་ཕེབས་ནས་ཐེ་ཝན་དང་ཞི་བདེ་རྒྱ་མཚོའི་ནང་གི་གླིང་ཕྲན་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་ཀྱང་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་གནོན་ཤུགས། ཚོང་ལས་དང་མ་རྩ་བཙུགས་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་དུ་འཇུག་གི་ཡོད་པར་བརྟེན། ད་ལྟ་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༧་ལས་མེད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་ལ་རང་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་བཀོད་ཡོད་པར་འགྱུར་བ་གཏོང་དགོས། ཐེ་ཝན་གྱི་ཚབ་ཏུ་རྒྱ་ནག་གི་ཐེ་ཝན་ཞེས་འགོད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་དང་། ཐ་ན་ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་ལ་ཐེ་པེའི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཞེས་སྒོ་བྱང་འབྲི་དགོས་ཐུག་ཡོད། སྔོན་ཆད་ལོ་མང་རིང་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཨ་རིའི་ནེའུ་ཡོཀ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་དཔོན་ཇཱེ་རོམ་ཁོ་ཧན་གྱིས་ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གི་སྒོ་བྱང་ལ་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཞེས་མིང་བྱང་འགོད་དུ་འཇུག་དགོས་པའི་རྩོམ་ཡིག་བྲིས་འདུག