ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་བཙོང་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཐེ་ཝན་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཨ་མི་རི་ཀའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག་བཙོང་དགོས་པའི་རེ་བ་ཞུས། སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཚོས་ཨ་མི་རི་ཀས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་ཧ་ཅང་མང་པོ་ཞིག་བཙོངས་ཚེ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་གྲོས་མོལ་ཞིག་བྱེད་ཀྱི་ཡོད་པར་འགོག་རྐྱེན་འཕྲད་སྲིད། ད་དུང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཕྱོགས་ཡོངས་ནས་སྡུག་ཏུ་སོང་སྟེ། ཐ་ན་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དཔུང་འཇུག་བྱས་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་སྲིད་པའི་ཉེན་ཀ་ཡོད། ཐེ་ཝན་མཚོ་འགག་ལ་དམག་འཁྲུག་ཅིག་ལངས་ན་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཨ་མི་རི་ཀར་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པའི་རྒྱལ་ཁབ་ཁག་ཀྱང་དམག་འཁྲུག་དེར་ཞོར་འདྲུད་ཐེབས་སྲིད་པའི་ཉེན་ཀ་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཚོས་ཐེ་ཝན་ལ་ཨ་མི་རི་ཀའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་གཞུང་འབྲེལ་སྙན་ཞུ་འབུལ་དགོས་ཞེས་ལམ་སྟོན་བྱས་པ་ལྟར་ཟླ་བ་སྔོན་མར་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་དངོས་སུ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག་བཙོང་རོགས་ཞེས་སྙན་ཞུ་ཕུལ་འདུག ཡིན་ནའང་ཨ་མི་རི་ཀས་རྒྱལ་ཁབ་གཞན་ལ་དམག་དོན་ཡོ་བྱད་ཕོན་ཆེན་ཞིག་བཙོང་དགོས་ན་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་གི་ཆོག་མཆན་འཐོབ་དགོས་པ་དང་། དེ་ནས་ཨ་རིའི་གྲོས་ཚོགས་ཀྱིས་མཐའ་མའི་ཆོག་མཆན་འགོད་དགོས། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་བཟུང་། ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས་པའི་བཅའ་ཁྲིམས་གཏན་འབེབས་བྱས་ཀྱང་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོང་རྒྱུ་དེར་ཨ་མི་རི་ཀའི་སྲིད་གཞུང་རིམ་པས་འཛེམ་ཟོན་བྱ་དགོས་བྱུང་ཡོད། དུས་ནམ་ཞིག་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་འགྲོ་ཡི་ཡོད་པ་སྟེ། དཔེར་ན་༡༩༩༢་ལོར་ཨ་རིའི་སྲིད་འཛིན་འཇོར་ཇི་ཨེ་ཆི་ཌབ་ལུ་བྷུ་ཤིའི་དུས་སྐབས་སུ་ཨ་མི་རི་ཀས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༥༠་ལྷག་བཙོངས་ནས་བཟུང་། ད་ལྟ་བར་དུ་ཨ་མི་རི་ཀའི་སྲིད་འཛིན་གཅིག་གིས་ཀྱང་ཐེ་ཝན་ལ་དམག་གི་འཐབ་འཛིང་གནམ་གྲུ་གསར་པ་བཙོངས་ཕོད་མེད་ཅིང་། སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀས་ཐེ་ཝན་ལ་བཙོངས་ཟིན་པའི་འཐབ་འཛིང་གནམ་གྲུ་རྙིང་པ་དེ་ཚོར་བཟོ་བཅོས་བརྒྱབ་ནས་ཡག་ཏུ་གཏོང་ཆོག ཨ་མི་རི་ཀས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་བཙོང་རྒྱུ་མིན་ཞེས་ཐག་བཅད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་བཙོང་རྒྱུ་ཡིན་ཟེར་གྱི་ཡོད་པ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལ་དམིགས་ཡོད་པ་ཞིག་ཡིན་ནམ། ཡང་ན་ཨ་མི་རི་ཀས་ངོ་མར་རང་གི་ཡུན་རིང་གི་མཐུན་གྲོགས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་འདོད་ཡོད་པ་ཡིན་མིན་ནི་ཚོད་དཔག་དཀའ་བའི་གནས་སུ་གྱུར།།

ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རོགས་ཞེས་སྙན་ཞུ་འབྱོར་ཡོད་མེད་ངེས་གཏན་བྱེད་ཀྱི་མེད་པ་དང་། ན་ནིང་ཕྱི་ཟླ་༡༠་པར་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གིས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་དྲག་པོ་བྱས་པར་མ་ཟད། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་གནོན་ཤུགས་སྤྲོད་པ་དང་དཔལ་འབྱོར་རོགས་རམ་སྤྲོད་པ། ཚོང་ལས་དང་མ་རྩ་བཙུགས་ནས་རྒྱལ་ཁབ་དེ་ཚོར་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་པ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལའང་རང་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བསྒྱུར་དགོས་པའི་བཙན་བཀའ་བཏང་བ་བཅས་ལ་ཨ་རིའི་སྲིད་འཛིན་གཟོན་པས་ངོ་རྒོལ་བྱས་ཡོད། ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་བཙོང་རོགས་ཞེས་འབོད་སྐུལ་ཞུས་པར་ཨ་མི་རི་ཀས་མོས་མཐུན་བྱས་མེད་པ་དང་། ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་ཡུ་རོབ་མཉམ་འབྲེལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཉི་ཧོང་། ཨི་རི་སལ་སོགས་ཨ་མི་རི་ཀའི་ཆེས་ནང་ཚགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཉུང་ཤས་ལ་མ་གཏོགས་བཙོང་གི་མེད་པ་རེད།།

གལ་སྲིད་ཨ་རིའི་གྲོས་ཚོགས་ཀྱིས་མཐའ་མའི་ཆོག་མཆན་བཀོད་པའི་དབང་དུ་བཏང་རུང་ལོ་ཁི་བཟོ་ཚོང་ཁང་གིས་མྱུར་དུ་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དེ་རྣམས་མཁོ་སྤྲོད་བྱ་དཀའ། ལོ་ཁི་བཟོ་ཚོང་ཁང་གི་མགྲིན་ཚབ་པ་ནེལ་སེན་གྱིས་ཐེ་ཝན་ལ་དགོས་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ལྷོ་ཁེ་རོ་ལེ་ན་མངའ་སྡེའི་བཟོ་གྲྭ་ཞིག་ཏུ་བཟོ་དགོས། ང་ཚོས་ཉུང་མཐར་ཡང་༢༠༢༡་བར་དུ་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དེ་རྣམས་མཁོ་སྤྲོད་བྱ་མི་ཐུབ། ད་ལྟ་ཊེཀ་སེ་སི་མངའ་སྡེའི་བཟོ་གྲྭ་ཞིག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ལ་བཙོངས་ཟིན་ཡོད། ཁོ་ཚོར་དུས་ཐོག་ཏུ་འཐབ་འཛིང་གནམ་གྲུ་དེ་རྣམས་མཁོ་སྤྲོད་བྱ་དགོས་ཞེས་བཤད། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་དང་སློབ་སྟོན་པ་ཁག་ཅིག་གིས་སྔ་མོ་ནས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་ཏུ་དམག་གྲུ་གཏོང་རྒྱུ་ཇེ་མང་དུ་བཏང་སྟེ་རྒྱ་ནག་ལ་དྲག་རྩུབ་ཀྱི་རྣམ་འགྱུར་སྟོན་དགོས་ཞེས་བསྐུལ།།

ཌོ་ནལ་ཊམ་ཨ་རིའི་འདེམས་ཐོན་སྲིད་འཛིན་ཡིན་པའི་དུས་སུ་ཨ་མི་རི་ཀའི་སྒྲིག་སྲོལ་ཁག་ལ་ཡོངས་སུ་འགལ་ནས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཁ་པར་ཐོག་ཏུ་བཀའ་མོལ་གནང་ཞིང་། སྐབས་དེར་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་མུ་མཐུད་དུ་ཁས་ལེན་བྱ་དགོས་མིན་དོགས་གཅོད་བྱས་པས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་ཟླ་ཆེན་པོ་ཞིག་འབྱུང་རྒྱུའི་རྟགས་མཚན་རིམ་པ་ཞིག་ཐོན། ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་མུ་མཐུད་དུ་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱ་རྒྱུ་བསྐྱར་ཟློས་བྱས་ཀྱང་ཨ་མི་རི་ཀར་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་པ་གཡོལ་ཐབས་མེད་ཅེས་གསལ་བོར་བསྟན། ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སིན་གྱི་དུས་སུ་རྒྱ་ནག་ལ་འབྲེལ་བ་ཐོག་མར་བཙུགས་ནས་བཟུང་། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ༡༩༧༩་ལོར་ཇཱི་མི་ཁ་ཊར་གྱི་དུས་སུ་ཨ་མི་རི་ཀས་དངོས་སུ་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་མོད། འོན་ཀྱང་ལོ་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་མ་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་གི་དམག་འཁྲུག་ལ་བར་འགོག་བྱ་དགོས་པའི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ་རེད།།

XS
SM
MD
LG