ད་ལྟ་དགུང་གྲངས་༩༤་ལ་ཕེབས་པའི་ཨ་རིའི་སྲིད་འཛིན་ཟུར་པ་ཇཱི་མི་ཁ་ཊར་ནི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་འཚོ་ཞིང་གཞེས་པ་དེ་དག་གི་གྲས་ཀྱི་ཨ་རིའི་སྲིད་འཛིན་ཟུར་པ་ལོ་ན་ཆེས་བགྲེས་ཤོས་དེར་གྱུར་ཡོད་པས་ཨ་རིའི་གསར་ལམ་ཁག་ཏུ་སྲིད་འཛིན་ཟུར་པ་ཁ་ཊར་ལ་དམིགས་བསལ་གྱིས་དོ་སྣང་དང་ཁོང་གི་མཛད་རྗེས་སོགས་ལ་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཁོང་༡༩༢༤་ལོར་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་འཇོར་ཇི་ཡར་སྐྱེས། ༡༩༤༣་ནས་ལོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་ལ་ཨ་རིའི་མཚོ་དམག་གི་ཁོངས་སུ་ཞུགས་ནས་སྲི་ཞུ་བསྒྲུབས། ༡༩༦༣་ནས་༦༧་བར་དུ་ཨ་རིིའི་འཇོར་ཇི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིའི་སྲི་ཞུ་བསྒྲུབས། ༡༩༧༡་ནས་༧༥་བར་དུ་འཇོར་ཇི་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས། དེའི་རྗེས་སུ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ཏེ་༡༩༧༧་ནས་༨༡་བར་དུ་ཨ་རིའི་སྲིད་འཛིན་༣༩་པར་འདེམས་ཐོན་བྱུང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བསྐྱངས།།
སྤྱི་ལོ་༢༠༠༢་ལོར་ཇཱི་མི་ཁ་ཊར་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ཁོང་གིས་སྲིད་དབང་བཟུང་བའི་སྐབས་སུ་ཨ་རིའི་སྲིད་གཞུང་གི་ཁོངས་སུ་ཤེས་རིག་ལྷན་ཁང་དང་ནུས་ཤུགས་ལྷན་ཁང་གཉིས་གསར་དུ་བསྣན། ཕྱི་འབྲེལ་ལ་མཚོན་ན་ཨི་སི་རལ་དང་ཨེ་ཇེབ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག ཨ་མི་རི་ཀས་བར་འདུམ་འོག་ཏུ་ཨི་སི་རལ་དང་ཨི་ཇེབ་གཉིས་ཀྱི་ཞི་བའི་ཆིངས་ཡིག་བཞག་ནས་ཕྱི་འབྲེལ་བཙུགས། ༡༩༧༩་ལོར་ཏིན་ཞའོ་ཕིང་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཇཱི་མི་ཁ་ཊར་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕྱི་འབྲེལ་བཙུགས། ཨ་མི་རི་ཀའི་ཕྱི་འབྲེལ་གྱི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཁ་སྣོན་བྱས་ནས་གླེང་སློང་བྱ་རྒྱུ་འགོ་ཙུགས། རྒྱ་ནག་ལ་ཕྱི་འབྲེལ་མ་བཙུགས་གོང་དེར་ཇཱི་མི་ཁ་ཊར་གྱིས་ཐེ་ཝན་མཚོ་གླིང་གི་ཀྲུང་ཧྭ་མིན་གོའི་སྲིད་གཞུང་ལ་ཕྱི་འབྲེལ་བཅད་པར་སྐྱོན་བརྗོད་དྲག་པོ་ཕོག
ཕྱིས་སུ་འཇོར་ཇི་ཡ་མངའ་སྡེའི་ཨེ་ཊི་ལན་ཊ་སློབ་ཆེན་དུ་སྲིད་འཛིན་ཟུར་པ་ཁ་ཊར་གྱི་མཚན་ཐོག་ཏུ་ལྟེ་གནས་ཤིག་བཙུགས། ལྟེ་གནས་ཁང་དེས་འཛམ་གླིང་རྒྱལ་ཁབ་༦༠་ལྷག་ལ་དམངས་གཙོ་དང་མི་དམངས་ཀྱི་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་ཐབས་ཀྱི་ལས་དོན་བསྒྲུབས། ཁོང་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས་སུ་རྒྱལ་ཁབ་གཞན་ལ་ཕྱི་འབྲེལ་འཛུགས་ན་རྒྱལ་ཁབ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་གླེང་སློང་བྱ་དགོས་པ་དང་ཨ་རིའི་སྲིད་འཛིན་གྱི་གྲས་སུ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁོངས་སུ་འཇུག་མཁན་ཐོག་མ་དེར་གྱུར། ཇཱི་མི་ཁ་ཊར་གྱི་རྗེས་སུ་ཨ་རིའི་སྲིད་འཛིན་མང་པོ་ཞིག་གིས་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་བདེ་འཇགས་འཕྲོ་ནས་འགྲོ་བ་མིའི་ཐོབ་ཐང་ཕྱི་འབྲེལ་སྲིད་ཇུས་གལ་ཆེན་ཞིག་ཏུ་བརྩིས་འདུག་ཅེས་ཉམས་ཞིབ་པ་ཚོས་གདེང་འཇོག་བྱུང་ཡོད།།
བོད་དོན་ལ་མཚོན་ན་ཨ་རིའི་སྲིད་འཛིན་ཟུར་པ་ཇཱི་མི་ཁ་ཊར་གྱིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་སྟེ། ༡༩༧༩་ལོར་ཇཱེ་མི་ཁ་ཊར་གྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེངས་དང་པོར་ཨ་རིར་ཆིབས་སྒྱུར་བསྐྱངས། དུས་དེ་ནས་བཟུང་སྟེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཨ་རིའི་གཞུང་དམངས་གཉིས་ཀས་དམིགས་བསལ་གྱིས་དོ་སྣང་བྱ་རྒྱུ་མགོ་བརྩམས། ཇཱི་མི་ཁ་ཊར་སྲིད་འཛིན་གྱི་ལས་གནས་ནས་འཕོ་འགྱུར་ཕྱིན་པའི་གཞུག་སྟེ། ༡༩༨༧་ལོར་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་འགོ་ཁྲིད་ཏིན་ཞའོ་ཕིང་ལ་ཐུག་འཕྲད་ཀྱིས་བོད་དོན་ལ་དམིགས་སུ་བཀར་ནས་གླེང་སློང་བྱུང་ཞིང་། ཁོང་སྤྱི་ལོ་༢༠༠༡་ལོར་སླར་ཡང་རྒྱ་ནག་ལ་རྟོག་ཞིབ་ཏུ་ཕེབས་པའི་སྐབས་ཀྱང་རྒྱ་ནག་གི་སྐབས་དེའི་སྲིད་འཛིན་ཅང་ཙེ་མིན་ལ་ཐུག་འཕྲད་ཀྱིས་བོད་ཀྱི་དོན་གླེང་སློང་བྱུང་ངོ་།།