ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གནམ་གཤིས་འགྱུར་ལྡོག་དང་ན་གཞོན་གྱི་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་སྤྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་སྟེ་འཛམ་གླིང་གི་ས་ཆ་གང་སའི་སློབ་ཕྲུག་རྣམས་ཀྱི་སྣེ་ཁྲིད་འོག་ཏུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་ན་གཞོན་གྱི་ལས་འགུལ་ཞེས་པ་ཞིག་སྤེལ་ཡོད་པར་མི་རྣམས་ཀྱིས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་ལས་འགུལ་འདི་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་དུ་སྤེལ། ལས་འགུལ་འདིར་ཁྱོན་བསྡོམས་སློབ་ཕྲུག་ས་ཡ་གཅིག་དང་འབུམ་ལྔ་ལྷག་མཉམ་ཞུགས་བྱས་ཡོད་ཅིང་། འདི་ནི་ད་ལྟའི་བར་དུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་སློབ་མའི་ལས་འགུལ་གཞི་རྒྱ་ཆེས་ཆེ་བ་དེ་ཆགས་ཡོད་པ་རེད

ད་ལྟའི་བར་དུ་འཛམ་གླིང་ལོ་རྒྱུས་ཀྱི་སྟེང་དུ་མི་རབས་གསར་འི་སློབ་ཕྲུག་གིས་སྣེ་ཁྲིད་པའི་སྤྱི་ཚོགས་སྒྱུར་བཅོས་ཀྱི་ལས་འགུལ་མང་པོ་ཞིག་ལངས་མྱོང་ཞིང་། དཔེར་ན་ཆིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ཀྱི་ནང་དུ་ཨ་རིའི་མི་རིགས་ནག་པོའི་སློབ་ཕྲུག་མང་པོས་རིགས་རྒྱུད་དབྱེ་འབྱེད་ལ་ངོ་རྒོལ་གྱི་ཆེད་དུ་ཇ་ཁང་སོགས་སྤྱི་བའི་ས་གནས་མང་པོར་ངག་བཅད་ཀྱི་ངོ་རྒོལ་བྱས་མྱོང། དེ་བཞིན་ལྷོ་ཨ་ཧྥི་རི་ཀར་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་གྲངས་ཀྱི་ནང་དུ་རིགས་རྒྱུད་དབྱེ་འབྱེད་ལ་ངོ་རྒོལ་གྱི་ཆེད་དུ་སློབ་ཆེན་སློབ་མའི་ངོ་རྒོལ་ལས་འགུལ་ལངས། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་དགུ་ལོར་རྒྱ་ནག་གི་སློབ་ཕྲུག་རྣམས་ཀྱིས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་ཆབ་སྲིད་དམངས་གཙོའི་ལམ་དུ་བཅོས་སྒྱུར་བྱེད་དགོས་པར་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་བཅས་སློབ་ཕྲུག་གི་ལས་འགུལ་མང་པོ་ཞིག་བྱུང་ཡོད སློབ་ཕྲུག་གི་ལས་འགུལ་འདི་དག་ལས་སྐོར་ཞིག་ལ་རྒྱལ་ཁ་ཐོབ་པ་དང་སྐོར་ཞིག་ལ་ཕམ་ཁ་བྱུང་ཡོད་ནའང་སློབ་ཕྲུག་གི་ལས་འགུལ་དག་གིས་བསྐྱེད་པའི་སྤྱི་ཚོགས་ཀྱི་ནུས་སྟོབས་ལ་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གྷེ་ཁྲི་རོས་སི་ཡིས་སློབ་ཕྲུག་རྣམས་ཀྱིས་སྣེ་ཁྲིད་པའི་གོ་ལའི་གནམ་གཤིས་ལ་དམིགས་པའི་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་ཁོས་བརྗོད་དོན་ལ། ཁོ་ཚོས་འདི་ལྟ་བུའི་ལས་འགུལ་ཞིག་སྤེལ་དོན་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་མ་འོངས་བར་བློ་འཚབ་དང་འཇིགས་སྣང་ཤིག་བསྐྱེད་ཀྱི་ཡོད་པས་ཡིན་པ་དང་། མ་འོངས་བར་མིའི་རིགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་རྒྱལ་ཁ་ཆེན་པོ་ཞིག་ལེན་རྒྱུར་སློབ་ཕྲུག་ཚོའི་འབོད་སྒྲ་འདིས་ང་ཚོ་ལ་རེ་བ་གསར་བ་ཞིག་སྤྲད་སོང་ཅེས་དང་། ཡང་ཁོས་འདིའི་ཐད་དབྱིན་ཡུལ་གྱི་གྷར་སྦྲིན་ཅེས་པའི་ཚགས་ཤོག་ཏུ་དཔྱད་བརྗོད་སྤེལ་ཡོད་པའི་ནང་དུའང་། ན་གཞོན་ཁྲི་སྟོང་མང་པོས་ཁྲོམ་སྐོར་བྱས་ཏེ་འཛམ་གླིང་གི་མགོ་ཁྲིད་ཡོངས་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་པ་ནི། ང་ཚོ་མིའི་རིགས་ཀྱི་མ་འོངས་བ་དང་ང་ཚོ་གནས་སའི་གོ་ལ་འདི་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱལ་ཁབ་ཁག་གི་མགོ་ཁྲིད་རྣམས་ཀྱིས་ངེས་པར་དུ་ཛ་དྲག་ཆེ་བའི་གནམ་གཤིས་ཀྱི་ཉེན་ཁ་འདི་སེལ་བར་དོན་ཐོག་ལ་འཁྱོལ་བའི་ལས་དོན་སྒྲུབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། སློབ་ཕྲུག་འདི་དག་གིས་ཁོ་ཚོའི་སྔོན་རབས་པ་དག་གིས་ཤེས་རྟོགས་ཐུབ་ཀྱི་མེད་པའམ་དོ་སྣང་བྱེད་ཀྱི་མེད་པའི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི། ད་སྔ་མིའི་རིགས་རང་ཉིད་རང་གིས་སྐྱོབ་ཐབས་ཀྱི་འགྲན་རྩོད་ཆེན་པོ་ཞིག་གི་ནང་དུ་ཚུད་ཡོད་པ་དང་། འགྲན་རྩོད་འདིའི་ནང་དུ་ད་སྔ་མིའི་རིགས་ལ་ཕམ་ཁ་ལས་རྒྱལ་ཁབ་ཐོབ་ཐུབ་ཀྱི་མེད་པ་རེད། གོ་ལའི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་ཀྱི་གོ་སྐབས་ཡོད་ཚད་ཤོར་བཞིན་པས་ད་ལྟ་མུ་མཐུད་ནས་ནར་འགྱངས་གཏོང་རྒྱུའི་འོས་མི་འདུག གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ནར་འགྱངས་སུ་བཏང་བའམ་སྣང་མེད་དུ་བཏང་བ་གང་ཡིན་ཀྱང་ཧ་ཅང་ཉེན་ཁ་ཆེན་པོ་རེད་ཅེས་དཔྱད་བརྗོད་སྤེལ་ནས། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་སློབ་ཕྲུག་གི་ལས་འགུལ་ལ་ཡི་རངས་བསྔགས་བརྗོད་བྱས་འདུག

XS
SM
MD
LG