ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་རྒྱ་ནག་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ད་དུང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་པ་བཅས་མི་གྲངས་ས་ཡ་༡་ཙམ་བཀག་ཉར་ཁང་དུ་བཙོན་ལ་བཅུག་སྟེ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་སྐྱོན་བརྗོད་ཕོག་གི་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག རྒྱལ་སྤྱིའི་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་སྟེ། ཨ་མི་རི་ཀའི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཁེ་ལི་ཁུ་རིས་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་དང་ཡུ་གུར་བའི་ཆོས་དད་རང་དབང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན། ད་ལྟ་ཅི་ཞིག་གསར་པ་རེད་ཟེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་རྒྱ་ཆེ་ཆུང་དང་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་མཐའ་གཅིག་ཏུ་གནོན་སྡོམ་བྱེད་ཀྱི་ཡོད་པ་གནས་ཚུལ་གསར་པ་ཞིག་ཡིན། ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་ས་གནས་འགོ་ཁྲིད་ཚོར་ཨ་མི་རི་ཀས་ཁྲིམས་གཅོད་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེར་འགྱུར་བ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་རྣམས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚོད་འཛིན་མེད་པར་རྟོག་ཞིབ་ལ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

སྔ་ལོ་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནི་ཨི་སི་རལ་དགྲ་ཟླར་འཛིན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་མཁན་རྒྱལ་ཁབ་ཁག་ཅིག་གིས་རང་དོན་བསྒྲུབ་སའི་གླེང་སྟེགས་ཤིག་རེད། དེར་བརྟེན་ཨ་མི་རི་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁོངས་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་ཐག་གཅོད་བྱས་ཀྱང་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་འབྲེལ་བ་གཙང་བཅད་བྱས་མེད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱས་པ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་འཛམ་གླིང་སྤྱི་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དོ་སྣང་བྱ་དགོས་པའི་སྐུལ་ལྕགས་གཏོང་ཐབས་ཤིག་ཡིན་ཞིང་། གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱལ་སྤྱིའི་སྐྱོན་བརྗོད་ཁག་ལ་དགག་པ་བརྒྱབ་སྟེ་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཙོན་འཇུག་བྱས་འདུག་ཟེར་པའི་ལྟེ་གནས་རྣམས་བཀག་ཉར་ཁང་མིན། ལྟེ་གནས་དེ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཡུ་གུར་བ་དང་ཧ་ས་ཁ་བ། དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ལ་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་ཁྲིད། ཁོ་ཚོ་བསྐྱར་དུ་སྤྱི་ཚོགས་ལ་ཚུད་ནས་འཚོ་བ་ཡག་པོ་ཞིག་རོལ་ཐུབ་པའི་སློབ་སྦྱོང་སྤྲོད་ས་ཡིན་ཞེས་བཀྲལ།།

རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བཅའ་སྡོད་པ་ཀི་སི་ཐན་དང་ཨུ་རུ་སུ། བྷེ་རོ་རུ་སི་དང་ཀུ་པ། ཝྭེ་ནེ་ཛུ་ལ་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་སྣེ་ལེན་བྱས་ནས་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཡིན་ཟེར་སའི་བཀག་ཉར་ཁང་ཁག་ལ་ལྟ་སྐོར་དུ་ཁྲིད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་ཀྱིས་འདྲ་པར་འགྲེམ་སྟོན་ཐེངས་༤་བྱས་ཏེ་ཞིན་ཅང་གི་བཀག་ཉར་ཁང་རེད་ཟེར་པ་དེ་རྣམས་དོན་དངོས་སུ་ལག་ཤེས་སློབ་གྲྭ་ཡིན། ཨ་མི་རི་ཀས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པའི་ཚོགས་འདུ་དེར་ཚོགས་འཐུས་རྒྱལ་ཁབ་རྣམས་མཉམ་ཞུགས་བྱས་པར་ངོ་རྒོལ་ཡོད་ཅེས་བསྒྲགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཕལ་ཆེ་བར་ཕོག་ཐུག་བཏང་ཡོད་པས་ཨ་མི་རི་ཀར་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱབ་སྐྱོར་པ་མང་པོ་མེད་ཀྱང་དབྱིན་ཇི་དང་འཇར་མན་ཎི། ནེ་དྷར་ལན་ཌི་དང་ཁེ་ན་ཌ་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ། ཞིན་ཅང་གི་ཡུ་གུར་བ་ཚོར་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་ནས་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་ཡོད་པར་གླེང་སློང་བྱ་རྒྱུའི་མོས་མཐུན་བྱས་འདུག

འཇར་མན་ཎིའི་ཤེས་ཡོན་ཅན་དང་ཉམས་ཞིབ་པ་ཨེ་ཌི་རན་ཟན་ཞེས་པ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་ལ་གཏམ་བཤད་བྱས་དོན། འདས་པའི་ལོ་གཉིས་ཀྱི་རིང་དེར་རྒྱ་ནག་གིས་ཞིན་ཅང་གི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་མ་སྤེལ་ས་བཀག་ཉར་ཁང་ཇེ་མང་དུ་བཏང་འདུག དེང་སྐབས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་དང་ཕྱེད་ཀ་ཡས་མས་ཤིག་བཀག་ཉར་བྱེད་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱིན་འདུག རྒྱ་ནག་གི་ཐབས་ཇུས་འདི་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་གོ་རིམ་ལྡན་པའི་སྒོ་ནས་རྩ་མེད་གཏོང་ཐབས་ཤིག་ཡིན་པ་གསལ་བོ་རེད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་འདི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ས་གནས་གཞན་ཁག་ལའང་ལག་ལེན་བསྟར་མི་སྲིད་པ་མིན་ཞེས་བཤད། ལོ་ན་༤༣་ལ་སོན་པའི་ཞིན་ཅང་གི་ཧ་ས་ཁ་བ་ཨོ་མིར་བྷེ་ཀ་ལི་ཞེས་པ་ཞིག་གིས་ང་༢༠༡༧་ལོར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་རྡུང་རྡེག་དང་མནར་གཅོད་དྲག་པོ་བཏང་བྱུང་། ང་ཟླ་བ་༦་གི་རིང་ལ་བཀག་ཉར་ཁང་གི་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་མི་༤༠་ཐམ་པའི་མཉམ་དུ་བཅུག་སོང་། ང་ཚོས་བཀག་ཉར་ཁང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་པ། ང་ཚོར་བཙན་ཤེད་ཀྱིས་ཕག་ཤ་ཟ་རུ་བཅུག་སོང་། བཀག་ཉར་ཁང་གི་མི་ཚོར་ཕན་ཚུན་ཁ་བརྡ་བྱེད་པ་དང་འགུལ་སྐྱོད་རྒྱག་པ་སོགས་ཀྱི་ཐོབ་ཐང་གང་ཡང་མི་འདུག་ཅེས་བཤད་མོད། རྒྱ་ནག་གི་སྐུ་ཚབ་ཀྱིས་བྷེ་ཀ་ལིའི་འདྲ་པར་ཞིག་འཁྱེར་ནས་མི་འདིའི་སྐད་ཆ་ཐམས་ཅད་རྫུན་གཏམ་ཁོ་ན་རེད་ཅེས་དགག་པ་བརྒྱབ།།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱེད་མཁན་གྲས་སུ་ཁ་ཆེའི་རྒྱལ་ཁབ་ནི་ཏུར་ཀི་གཅིག་པུ་ལས་མེད་པ་དང་རྒྱ་ནག་གིས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་ལ་ཆབ་སྲིད་ཀྱི་འབྲེལ་བ་དང་ཚོང་ལས། དཔལ་འབྱོར་རོགས་རམ་དང་མ་རྩ་བཙུགས་ནས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་གླེང་སློང་བྱེད་དུ་འཇུག་གི་མེད་རུང་ཕྱི་ཟླ་༣་ཚེས་༡༣་ཉིན་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཞིན་ཅང་གི་གནད་དོན་གླེང་སློང་བྱས་པ་ཁོ་ན་གནད་འགག་ཅིག་ཡིན། འདི་ནི་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་གོང་བཀུར་བྱ་རྒྱུ། རྒྱ་ནག་གིས་བོད་དང་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པར་ངོ་རྒོལ་བྱེད་ཐུབ་པའི་སྟོབས་ཤུགས་ཀྱི་རྩ་བ་ཞིག་ཏུ་འགྱུར་སྲིད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དགའ་བསུ་ཞུས་འདུག

XS
SM
MD
LG