ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱལ་ཚོགས་ཀྱི་གྲོས་ཆོད་བཀག་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་དྲག་སྤྱོད་ཚོགས་པའི་ངན་སྐུལ་འོག་ཏུ་ཉེ་ཆར་རྒྱ་གར་གྱི་ཀ་ཤི་མིར་ས་གནས་སུ་དྲག་སྤྱོད་པ་ཞིག་གིས་གཏོར་རྒོལ་བྱས་ནས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༢་བསད་པ་དང་མི་༢༠་ལྷག་རྨས། ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པས་སྐབས་དེའི་གཏོར་རྒོལ་གྱི་ལན་ཁག་ངོས་ལེན་བྱས་པར་མ་ཟད། ཚོགས་པ་དེ་སྔོན་ཆད་རྒྱ་གར་གྱི་ས་གནས་གང་སར་གཏོར་རྒོལ་ལན་མང་བྱུང་བར་འབྲེལ་བ་ཡོད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་འཇིགས་སྐུལ་ཚོགས་པ་དེའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་པའི་འོས་ཤོག་འཕེན་གྲབས་བྱས་ཀྱང་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་གཞི་དེར་ངོ་རྒོལ་བྱས་ནས་གྲོས་ཆོད་འཇོག་ཐུབ་མེད་པ་རེད།།

འདི་ནི་མ་སུ་ཐེ་ཨ་ཛར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་དགོས་ཞེས་རྒྱ་གར་གྱིས་འབད་བརྩོན་བྱས་པ་ཐེངས་བཞི་པ་ཡིན་རུང་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་དང་དམག་དོན་འབྲེལ་བ་རྒྱུན་སྐྱོང་བྱ་རྒྱུའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་སུ་པ་ཀི་སི་ཐན་གྱི་མངོན་འདོད་སྒྲུབ་བཞིན་གྱིན་འདུག་ཅེས་རྒྱ་གར་སོགས་ཀྱིས་སྐྱོན་བརྗོད་བྱས་འདུག རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔའི་གྲས་སུ་ཡོད་པས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་འགོག་ཆོག་པའམ། ཡང་ན་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་ཆོད་སློག་གཏོང་ཆོག་པའི་དབང་ཚད་ཡོད་པའི་སྐོར། རྒྱལ་སྤྱི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG