ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དུཀ་ཨན་སན་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད།


༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝྭི་ཏེ་ནམ་གྱི་ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཝྭི་ཏེ་ནམ་གྱི་མངའ་ཁོངས་རྒྱ་ཆེ་པོ་ཞིག་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱིན་འདུག ཝྭི་ཏེ་ནམ་གྱི་དམར་ཤོག་སྲིད་གཞུང་གིས་རང་གི་མངའ་ཁོངས་ལ་སྲུང་སྐྱོབ་དང་རྒྱ་ནག་ལ་ཁ་གཏད་ནན་པོ་ཞིག་གཅོག་ཐུབ་ཀྱི་མི་འདུག་ཅེས་ངོ་དེབ་ནང་དུ་སྐྱོན་བརྗོད་ཀྱི་མཆན་འགྲེལ་ཞིག་བྲིས་པའི་རྗེས་སུ་ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་རྒྱལ་ཁབ་དེའི་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་ཤིང་། དུཀ་ཨན་སན་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་དེས་ཝྭི་ཏེ་ནམ་གྱི་དམར་ཤོག་འགོ་ཁྲིད་ཚོས་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཐག་གཅོད་ཇི་ལྟར་བྱེད་ཀྱི་ཡོད་མེད། ཝྭི་ཏེ་ནམ་གྱི་སྲིད་གཞུང་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་དབང་གི་ཐོག་ཏུ་རྒྱ་ནག་ལ་ཅི་ཙམ་བཟོད་པོ་བྱེད་ཀྱི་ཡོད་མེད་རྣམས་ཆེ་ལོང་ཙམ་མཐོང་ཐུབ། སྔོན་ཆད་ཝྭི་ཏེ་ནམ་རྒྱ་ནག་གི་བཙན་འཛུལ་འོག་ཏུ་ཚུད་ཀྱང་ད་ལྟ་རྒྱ་ནག་ནི་ཝྭི་ཏེ་ནམ་གྱི་ཚོང་གྲོགས་རྒྱལ་ཁབ་ཆེ་ཤོས་དེར་གྱུར།།

ཝྭི་ཏེ་ནམ་གྱི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་བདུན་ཕྲག་སྔོན་མར་ལོ་ན་༥༠་ང་གྲངས་སུ་སོན་པའི་འབུམ་རམས་པ་དུཀ་ཨན་སན་གྱིས་ལོ་མང་ཞིག་ལ་ཌ་ནང་གྲོང་ཁྱེར་གྱི་ཉམས་ཞིབ་ཁང་དུ་ཞིབ་འཇུག་གི་སྲི་ཞུ་བསྒྲུབས་ཡོད། ཁོ་པས་དམར་ཤོག་ཚོགས་པའི་ཀུན་སྤྱོད་ཀྱི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་ནས་གསར་འགྱུར་ལོག་པ་སྤེལ་བའི་སྟབས་ཀྱིས་ཝྭི་ཏེ་ནམ་གྱི་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་བསྒྲགས། འབུམ་རམས་པ་སན་གྱིས་ང་ལ་འདི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་སྔ་མོ་ནས་ཤེས་ཡོད། ང་ལ་ཉེས་ཆད་ཕོག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ན་ནིང་ཕྱི་ཟླ་༩་པར་ངོ་དེབ་ནང་དུ་ཟུར་ཟའི་མུ་འབྲེལ་རི་མོ་ཞིག་བྲིས་པ་དང་རི་མོ་དེས་ཝྭི་ཏེ་ནམ་གྱི་དམར་ཤོག་སྲིད་གཞུང་ལ་གོ་རྒྱུ་བཏང་ནས་སྐྱོན་བརྗོད་ཅུང་ཟད་ཅིག་བྱས་ཡོད་ཅེས་བཅར་འདྲི་ཞིག་གི་སྐབས་སུ་ལན་འདེབས་བྱས་པར་མ་ཟད། ད་ལྟ་ཁོ་པའི་ངོ་དེབ་ཀྱང་སྒོ་བརྒྱབ་ནས་མཆན་འགྲེལ་འབྲི་རྒྱུ་མཚམས་བཞག ཁོ་པའི་དུས་ཚོད་མང་ཆེ་བ་དཔེ་དེབ་ཅིག་འབྲི་བར་གཏོང་གི་ཡོད་ཅིང་། ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པའི་རྗེས་སུ་དཔེ་སྐྲུན་ཁང་ཞིག་གི་འགན་འཛིན་ལ་བསྐོ་བཞག་བྱས་འདུག

འབུམ་རམས་པ་དུཀ་ཨན་སན་གྱིས་བྲིས་པའི་མུ་འབྲེལ་རི་མོའི་ནང་གི་མི་སྣ་ཞིག་གིས་ཁོ་ཚོས་ལོ་༧༣་གྱི་ཡར་སྔོན་དེར་མི་དམངས་སྐུལ་སློང་དང་བསྡུ་སྐོང་བྱས་ནས་རང་བཙན་གསལ་བསྒྲགས་ལ་ཉན་དུ་བཅུག་ཀྱང་ད་ལྟ་ལོ་༧༣་གྱི་གཞུག་དེར་མི་དམངས་འདུ་འཛོམས་བྱས་ནས་རང་བཙན་དུས་ཆེན་ལ་སྲུང་བརྩི་བྱེད་དུ་འཇུག་གི་མི་འདུག་ཟེར། དེ་བདེན་པ་རེད་དམ་ཞེས་དོགས་འདྲི་བྱས་པའི་རི་མོ་ཞིག་བྲིས་ནས་དྲྭ་ལམ་དུ་བཀོད། འདི་ནི་༡༩༤༥་ལོར་ཧུ་ཀྲི་མིན་གྱིས་མ་འོངས་པར་ཝྭི་ཏེ་ནམ་རྒྱལ་ཁབ་འདི་ཧྥ་རན་སིའི་དབང་སྒྱུར་འོག་ཏུ་རང་བཙན་འཐོབ་ངེས་ཡིན་ཞེས་གཏམ་བཤད་པ་ལུང་འདྲེན་དང་། ད་ལྟའི་ཝྭི་ཏེ་ནམ་གྱི་དམར་ཤོག་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱས་པ་ཞིག་མཚོན་པས་ཌ་ནང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འབུམ་རམས་པ་དུཀ་ཨན་སན་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་གྱིས་ང་ལ་ཝྭི་ཏེ་ནམ་གྱི་དམར་ཤོག་ཚོགས་པས་ཞིབ་འཇུག་བྱས་དོན་ནི་ངས་ངོ་དེབ་ནང་དུ་མུ་འབྲེལ་རི་མོ་ཞིག་བྲིས་ནས་མཆན་འགྲེལ་ཞིག་བཀོད་པ་ཁོ་ན་ཡིན། ངས་གཞུང་གཉེར་གསར་འགྱུར་ལས་ཁང་གི་བརྒྱུད་ལམ་དུ་ཤེས་རིག་བློན་ཆེན་ལ་དམིགས་ནས་ཐབས་རྡུགས་འདི་འདྲ་ཞིག་ལ་འགྱུར་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་རྩོམ་ཡིག་གཉིས་བྲིས་པ་མ་གཏོགས་ང་ལ་ཉེས་སྐྱོན་ཅང་མེད་ཅེས་བཤད་འདུག

ཝྭི་ཏེ་ནམ་གྱི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་བགྲེས་པ་མཱེ་ཐན་སན་གྱིས་བཤད་པ་ལྟར་ན་མི་དམངས་ལ་དམར་ཤོག་ཚོགས་པར་ལྟ་ཚུལ་ལེགས་པོ་མེད་ཀྱང་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་རང་ལ་ཉེས་ཆོད་འཕོག་སྲིད་པ་དང་འཚོ་བའི་གནས་སྟངས་ལ་འགྱུར་བ་ཐེབས་སྲིད་པར་འཇིགས་སྣང་བྱས་ནས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱ་རྒྱུ་གཡོལ་གང་ཐུབ་བྱེད་ཀྱིན་འདུག འབུམ་རམས་པ་དུཀ་ཨན་སན་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་བསམ་བློ་མ་བཏང་བའི་ཐག་གཅོད་ཅིག་རེད། དེ་ནི་ལྕགས་དྲྭའི་ནང་གི་སྟག་ཅིག་ནགས་ཁྲོད་དུ་གློད་པ་དང་གཅིག་མཚུངས་རེད། ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་གྱིས་ཝྭི་ཏེ་ནམ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་རྒྱ་ནག་ལ་ཐུག་ན་དཔའ་ཞུམ་ནས་གཉའ་ཆག་ཡོད་པ་ཐེར་འདོན་བྱ་སྲིད་ཅེས་བཤད། ཁ་སྔོན་ཕྱི་ཟླ་དང་པོ་ནས་ཝྭི་ཏེ་ནམ་གྱི་གཞུང་གིས་དྲྭ་ལམ་དོ་དམ་གྱི་ཁྲིམས་ཤིག་གཏན་འབེབས་བྱས་ནས་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་གིས་དྲྭ་རྒྱ་བཀོལ་སྤྱོད་པ་རྣམས་ཀྱི་རྒྱབ་ལྗོངས་གནས་ཚུལ་སྲིད་གཞུང་ལ་མཁོ་སྤྲོད་བྱ་དགོས་ཞེས་ཐག་བཅད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཝྭི་ཏེ་ནམ་གྱི་དྲྭ་ལམ་དོ་དམ་བཅའ་ཁྲིམས་དེ་ངོ་དེབ་སོགས་ཀྱི་ནང་དུ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་པའི་ཆེད་དུ་རེད་ཅེས་ཁ་རྡུང་བཏང་བ་དང་། ངོ་དེབ་ནི་ཝྭི་ཏེ་ནམ་རྒྱལ་ཡོངས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

༢༠༡༤་ལོ་ནས་རྒྱ་ནག་དང་ཝྭི་ཏེ་ནམ་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་ནན་ཧྲ་དང་ཞི་ཧྲ་གླིང་ཚོམ་ཁག་གི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། རྒྱ་ནག་གིས་དུས་རབས་སྔོན་མའི་ལོ་རབས་༤༠་དང་༥༠་པའི་ནང་གི་ས་བཀྲ་དང་མཚོ་ནང་ནས་རྙེད་པའི་ཅ་ལག་ཅིག་དཔང་རྟགས་བསྟན་ནས་ཞི་ཧྲ་དང་ནན་ཧྲ་གླིང་ཚོམ་ཁག་རྒྱ་ནག་གིས་མངའ་ཁོངས་ཡིན་ཟེར་གྱི་ཡོད། འོན་ཀྱང་ལོ་རྒྱུས་ཉམས་ཞིབ་པ་དུཀ་ཨན་སན་གྱིས་༡༨༠༢་ནས་༡༩༤༥་བར་དུ་ཝྭི་ཏེ་ནམ་གྱི་ནུ་ཇཱིན་རྒྱལ་རབས་ཀྱིས་ནན་ཧྲ་དང་ཞི་ཧྲ་གླིང་ཚོམ་ཁག་ལ་ཐད་ཀར་དབང་སྒྱུར་བྱས་ཡོད། རྒྱ་ནག་གི་གོང་མ་རིམ་པའི་སྲིད་གཞུང་དང་རྒྱ་ནག་ལ་གསར་བརྗེ་ལངས་པའི་གཞུག་ཏུའང་ལོ་མང་རིང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་དང་དེའི་བདག་དབང་ལ་དོ་སྣང་བྱ་རྒྱུ་དྲན་མེད་ཅེས་རྩོད་པ་བརྒྱབ། ད་ལྟ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱ་ཁྱོན་བརྒྱ་ཆ་༩༠་ལྷག་གི་བདག་དབང་རྒྱ་ནག་ལ་ཡོད་ཅེས་སྒྲོགས་ཀྱི་ཡོད་པ་རེད།།

XS
SM
MD
LG