ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་གུར་བའི་བདེ་སྡུག་ལ་ཁ་ཆེ་ཚོས་ཅི་ཡང་མི་སྨྲ་བ།


༄༅།། ༢༠༡༧་ལོར་འབར་མའི་དམག་གིས་རྒྱལ་ཁབ་དེའི་མཐའ་མཚམས་ཀྱི་ཁ་ཆེ་འབུམ་༧་བྷང་ག་ལར་མཐར་སྐྲོད་བཏང་དུས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་དང་ཁ་ཆེ་རྣམས་ངར་ལངས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨི་སི་རལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་ཊེ་ལི་ཝྭིའུ་གྲོང་ཁྱེར་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་དུ་གནས་སྤོར་བྱས་དུས་འཛམ་གླིང་གི་ཁ་ཆེ་རྣམས་ངར་ལངས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ་གཙོས་ཁ་ཆེ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་བཙོན་འཇུག་བྱེད་ཡོད་པ་དང་ཆབ་སྲིད་ཀྱི་སློབ་གསོ་གཏོང་བ། ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་ཆོས་ལུགས་དད་མོས་ཉམས་ལེན་བྱེད་མི་ཆོག་པ། མདོར་ན་ཁ་ཆེ་ཡིན་པའི་རྣམ་པའང་སྟོན་མི་ཆོག་པའི་དྲག་གནོན་བྱེད་ཀྱི་ཡོད་པ་ནི་འཛམ་གླིང་གི་དེང་རབས་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་ཡིན་རུང་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་གིས་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་ལ་མ་ཐོས་པ་དང་མ་མཐོང་བའི་རྟུལ་ཞུགས་འཆང་། འཛམ་གླིང་གི་ཁ་ཆེ་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་ཞེན་ཁོག་དང་ཁ་ཆེ་རྣམས་ཕུ་ནུ་ཡིན་པའི་འདུ་ཤེས་བཅངས་ནས་ངར་ལང་རྒྱུ་མེད་པ་ཅི་ཞིག་ཡིན་ནམ་ཞེས་ཉི་ཧོང་དུས་བབ་ཚགས་པར་ལ་རྩོམ་ཡིག་ཅིག་སྤེལ་འདུག ཐ་ན་ཨ་མི་རི་ཀས་འཛམ་གླིང་ཁ་ཆེ་རྒྱལ་ཁབ་ཁག་གི་སྲིད་དབང་གཅིག་སྡུད་པ་དང་གདུག་རྩུབ་ཆེ་བའི་སྲིད་གཞུང་རྣམས་མགོ་རྟིང་སློག་ནས་རང་དབང་དང་དམངས་གཙོའི་ལམ་སྲོལ་བཙུགས་ཀྱང་འཛམ་གླིང་གི་ཁ་ཆེ་ཚོ་ངར་ལངས་ནས་ཨ་མི་རི་ཀར་འཐབ་རྒོལ་བྱ་དགོས། ང་ཚོ་ཁ་ཆེའི་བསྟན་པའི་དོན་དུ་འཆི་ཕོད། འཐབ་ཕོད་ཅེས་ངར་སྐད་སྒྲོགས་སྲོལ་ཡོད་པ་མཐོང་ཆོས་སུ་གྱུར།།

རྩོམ་ཡིག་འབྲི་མཁན་ཌེ་ཡེར་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དྲག་གནོན་ཅི་ཙམ་བྱས་ཀྱང་འཛམ་གླིང་འདིར་ཁ་ཆེ་རྒྱལ་ཁབ་༤༩་ཡོད་པ་དེ་དག་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ་ཧ་ལམ་བྱེད་ཕོད་ཀྱི་མེད་ཅིང་། སྔ་ལོ་མ་ལེ་ཤི་ཡའི་གཞུང་གིས་ཞིན་ཅང་ནས་བྲོས་བྱོལ་དུ་ཡོང་བའི་ཡུ་གུར་བ་བཅུ་གྲངས་ཤིག་རྒྱ་ནག་ལ་ཕྱིར་ལོག་བྱས་མ་སོང་། ཉེ་ཆར་ཕྱི་ཟླ་དང་པོའི་ནང་དུ་ཀུ་ཝེ་ཐེའི་གྲོས་ཚོགས་འཐུས་མི་བཞིས་རྒྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་གཏམ་བཤད་བྱས་སོང་། ཟླ་བ་སྔོན་མར་ཏུར་ཀིའི་གཞུང་གིས་ཡོངས་གྲགས་སུ་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོར་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་བྱས་པ་ལས། འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་༤༦་ཡོད་པ་དེ་དག་གིས་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་གླེང་སློང་བྱ་རྒྱུ་གཡོལ་ཐབས་བྱས་ཡོད་པ་ནི་ཧ་ཅང་གི་ཁྱད་མཚར་ཞིག་རེད་ཅེས་ངོ་མཚང་བྲུས་འདུག་པ་མ་ཟད། ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ཆོས་དད་རང་དབང་སྤྲོད་དགོས་ཞེས་ངོ་རྒོལ་བྱེད་མཁན་ཐོག་མ་ནི་རྒྱ་གར་བའི་ཁ་ཆེ་༥༠་ཡས་མས་ཤིག་ཡིན་ཞིང་། ཁོ་ཚོས་བྷམ་བྷེའི་གྲོང་ཁྱེར་ཁྲོམ་གཞུང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།།

ཉེ་ཆར་ཏུར་ཀིའི་གཞུང་གིས་ཡུ་གུར་བའི་བདེ་སྡུག་གླེང་སློང་བྱས་ནས་གསར་འགོད་ལྷན་ཚོགས་བསྡུས། ཏུར་ཀིའི་ཕྱི་སྲིད་བློན་ཆེན་ཧ་མཱི་ཨཀ་སོ་དབྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཙོན་ཁང་དུ་བཀག་ཉར་བྱས་ནས་རྡུང་རྡེག་དང་མནར་གཅོད། ཞིན་ཅང་གི་ཁ་ཆེ་རྣམས་རང་སྣང་གང་དྲན་གྱི་སྒོ་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་རྣམས་གསང་བ་ཞིག་མིན་པར་ཡོངས་གྲགས་སུ་གྱུར་འདུག འདི་ནི་དུས་རབས་༢༡་པའི་ནང་དུ་སྡེབ་འགོག་བཙོན་ར་སླར་གསོ་བྱས་པ་དང་འགྲོ་བ་མི་རྣམས་ངོ་ཚ་དགོས་པ་ཞིག་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འོན་ཀྱང་སྐབས་དེར་ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་གཅིག་པུས་མ་གཏོགས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱི་གསར་འགོད་གསལ་བསྒྲགས་སྤེལ་བར་གླེང་སློང་ཅི་ཡང་བྱས་མ་སོང་། ཨི་རན་དང་པ་ཀི་སི་ཐན། ཨིན་རྡུ་ནེ་ཤི་ཡ་ལྟ་བུའི་ཁ་ཆེའི་རྒྱལ་ཁབ་ཆེ་ཁག་གི་སྤྱི་ཚོགས་སུ་ཞིན་ཅང་ལ་ཅི་ཞིག་འབྱུང་གི་ཡོད་པའི་གོ་རྟོགས་ཤིན་ཏུ་དམའ་དོན་ཅི་ཞིག་ཡིན་ནམ། ཞིན་ཅང་གི་ཡུ་གུར་བ་རྣམས་འཛམ་གླིང་གི་ཁ་ཆེའི་ཚོགས་སྡེ་ཁག་གིས་བློས་བཏང་སོང་། ཡུ་གུར་བ་རྣམས་གྲོགས་མེད་ཁེར་རྐྱང་དུ་བཞག་སོང་། ཡུ་གུར་བ་ཚོས་སྡུག་བསྔལ་མྱོང་གི་འདུག་ཅེས་བཀོད།།

རྩོམ་པ་པོ་ཌེ་ཡེར་གྱིས་སྤེལ་བའི་རྩོམ་ཡིག་དེར་མུ་མཐུད་དུ་འཁོད་དོན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱ་དགོས་པའི་གཞུང་འབྲེལ་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལོ་ཤས་འདས། ཡིན་ནའང་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ནས་ལོ་གཅིག་ལྷག་ལས་ཕྱིན་མེད། རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱས་འདུག་ཟེར་པའི་དཔང་རྟགས་མང་པོ་ཞིག་ཚོད་དཔག་དང་རིགས་པས་སྒྲུབ་བྱེད་བཀོད་པ་ཞིག་ཡིན་རུང་བཀག་ཉར་ཁང་དུ་དངོས་སུ་བཅུག་མྱོང་བའི་མི་དང་འཁོར་སྐར་གྱིས་བར་སྣང་ཁམས་ནས་བླངས་པའི་བཀག་ཉར་ཁང་དེ་དག་གི་བརྙན་པར་རྣམས་མཐོང་རྒྱུ་ཡོད་པས་བཀག་ཉར་ཁང་གཅིག་གི་ནང་དུ་མི་ཅི་ཙམ་ཤོང་གི་ཡོད་མེད། བཀག་ཉར་ཁང་དུ་ཚུད་པའི་མི་དེ་ཚོའི་ལུས་སེམས་ལ་མནར་གཅོད་ཅི་ཙམ་ཕོག་གི་གི་ཡོད་མེད་རྣམས་མི་ལ་སྐད་ཆ་དྲིས་པ་དང་བརྙན་པར་ལ་བལྟས་ནས་རྩིས་བརྒྱབ་ན་ཤེས་རྟོགས་མི་ཐུབ་པ་ཞིག་རེད་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ལྟེ་གནས་དེ་རྣམས་བཀག་ཉར་ཁང་མིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཡུ་གུར་བ་ཚོར་སྐད་ཡིག་སློབ་ཁྲིད་དང་ལག་ཤེས་སློབ་སྦྱོང་ཁོ་ཚོའི་འཚོ་བ་ཡར་རྒྱས་གཏོང་བར་ལག་ཤེས་དང་ཤེས་ཡོན་སློབ་སྦྱོང་སྤྲོད་ས་ཡིན་ཞེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་བཀག

རྩོམ་ཡིག་འབྲི་མཁན་ཌེ་ཡེར་ལྟར་ན་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་གིས་ཡུ་གུར་བའི་བདེ་སྡུག་གླེང་ནས་རྒྱ་ནག་ལ་སྐད་ཆ་ཚིག་གཅིག་བཤད་ཕོད་ཀྱི་མེད་པ་དཔལ་འབྱོར་རོགས་རམ་དང་དངུལ་སྒོར་བུ་ལོན་སྐྱི་བཞིན་པར་ཐུག་འདུག དཔེར་ན་རྒྱ་ནག་གིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེམ་འབུམ་༦་དང་ཨ་རབ་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་ཆེན་མོ་༢༠་ཐམ་པ། དབུས་ཨེ་ཤི་ཡའི་ཁ་ཆེ་རྒྱལ་ཁབ་ཁག་ལ་དེ་ལས་མང་བ་ཞིག་དངུལ་སྒོར་བུ་ལོན་བསྐྱིས། ཁ་ཛཀ་སི་ཐན་གཅིག་པུར་རྒྱ་ནག་གིས་ཨ་སྒོར་ཐེམ་འབུམ་ཆེན་མོ་༢༧་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་ཅིང་། ཉེ་ཆར་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་གཏམ་བཤད་བྱས་ནས་རྒྱ་ནག་ལ་སྐྱོན་བརྗོད་ཚིག་གཅིག་བྱས་མེད་ཅིང་། མདོར་ན་ཁ་ཆེའི་བསྟན་པའི་འབྱུང་གནས་དང་ཁ་ཆེའི་བསྟན་པའི་ཡོན་བདག་ཡིན་ཟེར་པའི་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཀྱང་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་གླེང་སློང་མ་བྱས་པར་བཏང་སྙོམས་སུ་བཞག་འདུག

XS
SM
MD
LG