༄༅།། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐོའི་བུ་ཧུ་ཧེ་ཧྥེང་རྒྱ་ནག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་དང་དཔལ་འབྱོར་གྱི་ལྟེ་གནས་ཏེ། རྒྱ་ནག་གི་གནའ་བོའི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱ་འཆར་ཡོད་པའི་གནས་ཚུལ་ཐོན། ད་སྔ་རྒྱ་ནག་གཞུང་གིས་ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་པ་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱས་མེད་ཀྱང་ལོ་ན་༤༦་ལ་སོན་པའི་ཧུ་ཧེ་ཧྥེང་ལས་གནས་དེར་བསྐོ་བཞག་བྱས་ནས་བློན་ཆེན་གཞོན་པའི་གནས་རིམ་དེར་གོ་གནས་སྤར་རྒྱུ་རེད་འདུག དེང་སྐབས་ཧུ་ཧེ་ཧྥེང་གིས་རྒྱ་ནག་ཤར་ཕྱོགས་ཀྱི་ཀྲེ་ཅང་ཞིང་ཆེན། ལི་ཧྲུའི་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་ཡོད་ཅིང་། ཞི་ཨན་ནི་རྒྱ་ནག་གི་ཧྲན་ཤི་ཞིང་ཆེན་གྱི་རྒྱལ་ས་ཡིན་པས་ཁོ་པ་གྲོང་ཁྱེར་དེའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་རྗེས་སུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་རྒྱུན་ལས་འཐུས་མིའི་གྲས་སུ་ཚུད་ཀྱི་ཡོད་པ་རེད།།
ཞི་ཨན་གྲོང་ཁྱེར་ནི་རྒྱ་ནག་བྱང་ཕྱོགས་ཀྱི་དཔལ་འབྱོར་ལྟེ་གནས་གཙོ་བོ་ཞིག་ཡིན་རུང་གྲོང་ཁྱེར་དེའི་མཐོ་རིམ་འགོ་ཁྲིད་རིམ་པ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཏུ་ཞིབ་འཇུག་བྱས་ནས་ཆབ་སྲིད་ཀྱི་གླེང་སློང་ཆེན་པོ་ཡོད་པ་སྟེ། ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ལྐོག་ཟ་དང་ལས་འགན་འཐུས་ཤོར་བཏང་བ། སྲིད་འཛིན་ཞིས་ཅིན་ཕིང་གི་བཀོད་འདོམས་ལ་སྣང་མེད་བཏང་བ་དང་གྲོང་ཁྱེར་དེའི་གཞུང་འབྲེལ་མི་སྣ་ཚོས་རང་རང་ལ་ཆིན་ལིང་རི་བོར་སྒེར་གྱི་སྤྲོ་གསེང་ཁང་འཛུགས་སྐྲུན་བྱས་ཡོད་པར་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཧུ་ཧེ་ཧྥེང་ལ་རང་བྱུང་ཁོར་ཡུག་གཅེས་སྐྱོང་དང་འཛིན་སྐྱོང་འཐུས་སྒོ་ཚང་བ་ཞིག་བྱས་པའི་ལག་རྗེས་སྟོན་རྒྱུ་ཡོད་ཅིང་། ཁོ་པ་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་ཆབ་སྲིད་ཀྱི་ཉམས་ཚོད་ཆེན་པོ་ཞིག་ཡིན་རུང་གྲོང་ཁྱེར་དེར་འཛིན་སྐྱོང་ཡག་པོ་ཞིག་བྱེད་ཐུབ་ཚེ། ཧུ་ཧེ་ཧྥེང་གི་བྱས་རྗེས་ལ་སྔར་ལས་ལྷག་པའི་འོད་སྣང་འཕྲོ་རུ་འཇུག་ཐུབ་པ་དང་མ་འོངས་པར་མདུན་ལམ་ཆེན་པོ་ཡོད། རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གནས་ཚུལ་འབྱུང་ཁུངས་མ་འདྲ་བ་གསུམ་གྱིས་གསར་འགྱུར་མཁོ་སྤྲོད་བྱས་པ་ལྟར་ན་ཧུ་ཧེ་ཧྥེང་གིས་ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་ཁུར་བཞེས་རྒྱུ་དེར་ས་གནས་གཞུང་གིས་གྲ་སྒྲིག་བྱེད་ཀྱིན་འདུག ཁོ་པར་ཧྲན་ཤི་ཞིང་ཆེན་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོའི་རྒྱབ་སྐྱོར་འཐོབ་རྒྱུ་རེད་ཅེས་བཤད། གསར་འགྱུར་མཁོ་སྤྲོད་པ་གཞན་ཞིག་གིས་ཐོག་མའི་འཆར་གཞི་ལྟར་ན་ཧུ་ཧེ་ཧྥེང་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་གྱི་རྩ་འཛུགས་ལྷན་ཁང་གི་འགོ་ཁྲིད་ལ་བསྐོ་བཞག་བྱ་རྒྱུ་བྱས་ཀྱང་དེ་ལ་ཉེ་དུས་ཤིག་ནས་འགྱུར་བ་ཐེབས་པ་རེད་ཅེས་བཤད་འདུག
པེ་ཅིང་གི་སྲིད་དོན་ཉམས་ཞིབ་པ་ཀྲང་ལི་ཧྥན་གྱིས་ཧུ་ཧེ་ཧྥེང་གོ་གནས་སྤར་པ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་དེའི་ཕྱོགས་ཁག་ལ་བསྟུན་མཁས་བྱས་པ་ཞིག་མཚོན་ཐུབ། ཅིའི་ཕྱིར་ཞེ་ན་དེང་སྐབས་སྲིད་འཛིན་ཞིས་ཅིན་ཕིང་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་གནོན་ཤུགས་ཆེན་པོ་ཞིག་ཐེབས་བཞིན་ཡོད། དཔེར་ན་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པའི་འགལ་རྐྱེན་སེལ་ཐུབ་ཀྱི་མེད་པ་དང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སྔར་བཞིན་མྱུར་པོ་ཞིག་འགྲོ་ཐུབ་ཀྱི་མེད་པ། ཧུ་ཧེ་ཧྥེང་ལ་ཉམས་མྱོང་ཆེན་པོ་མེད་པ་དང་སྲིད་དོན་པ་ལོ་ན་གཞོན་གྲས་ཤིག་ཡིན་པའི་སྟབས་ཀྱིས་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་འཁུར་རྒྱུ་དེར་དཀའ་ངལ་འཕྲད་སྲིད། དེར་བརྟེན་ཁོ་པས་ངེས་པར་དུ་ལས་འགན་ཁུར་ཐུབ་པའི་འཇོན་ཐང་སྟོན་དགོས་ཞེས་བཤད་འདུག
ཧུ་ཧེ་ཧྥེང་རྒྱ་ནག་གི་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ནས་ཐོན་ཏེ་༢༠༡༣་བར་དུ་ཆབ་སྲིད་ལ་མ་ཞུགས། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ལོ་རབས་༧༠་བའི་ནང་དུ་སྐྱེས་པའི་མཐོ་རིམ་འགོ་ཁྲིད་ཚོའི་བུ་ཕྲུག་མང་པོ་ཞིག་བློན་ཆེན་གཞོན་པའི་རིམ་པར་གོ་གནས་སྤར། ༢༠༡༦་ལོར་རྒྱ་ནག་གཞུང་གིས་ཧུ་ཧེ་ཧྥེང་གིས་ཀྲེ་ཅང་ཞིང་ཆེན་གྱི་ཅ་ཞཱིང་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་བསྐོ་བཞག་བྱས་ནས་ཆབ་སྲིད་ཀྱི་ཆེད་ལས་མགོ་བརྩམས། ལོ་དེའི་ཕྱི་ཟླ་༦་པའི་ནང་དུ་ལི་ཧྲུའི་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་ཏེ་ཞིང་ཆེན་དེའི་ཁུལ་རིམ་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་ལོ་ན་ཆེས་གཞོན་ཤོས་དེར་གྱུར། ཧུ་ཧེ་ཧྥེང་གིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ལ་གནོད་ཚབས་ཆུང་བའི་བཟོ་ལས་ཤིག་དར་སྤེལ་བཏང་བར་སྲིད་འཛིན་ཞིས་ཅིན་ཕིང་གི་བསྔགས་བརྗོད་ཐོབ། ཟླ་བ་སྔོན་མར་ཧུ་ཧེ་ཧྥེང་གིས་ཀྲེ་ཅང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དུས་དེབ་ནང་དུ་རྩོམ་ཡིག་བྲིས་ནས་རང་ལ་སྲིད་འཛིན་ཞིས་ཅིན་ཕིང་གི་བསྔགས་བརྗོད་ཐོབ་པ་མིང་དོན་མཚུངས་པ་ཞིག་བྱ་རྒྱུ་ཡིན། ཁོ་བོས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་དོ་མཉམ་ཡོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་འདུག