ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཆོས་ལུགས་དགྲར་འཛིན་གྱི་སྲིད་ཇུས་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་སྲིད་ཇུས་ཤིག་ལག་ལེན་དུ་བསྟར་ནས་ཡེ་ཤུ་དང་ཁ་ཆེ། བོད་བརྒྱུད་ནང་བསྟན་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་གི་སྲིད་ཇུས་བཅས་ལ་མཐུན་དགོས་པ་དང་ཆོས་ལུགས་ཚང་མ་རྒྱ་ནག་གི་རིག་གཞུང་དང་རྒྱ་མི་རིགས་ཀྱི་ལྟ་བ། རྒྱ་ནག་གི་སྲོལ་རྒྱུན་ལ་བསྒྱུར་དགོས་ཟེར་གྱི་ཡོད་ཀྱང་ཨ་མི་རི་ཀའི་ཆོས་དད་རང་དབང་གི་སྐུ་ཚབ་སེམ་བྷོ་རོང་བྷེཀ་ཡིས་རྒྱ་ནག་གི་ཆོས་ལུགས་དགྲར་འཛིན་གྱི་སྲིད་ཇུས་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། ལྷག་པར་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེས་འཇིགས་སྐུལ་རིང་ལུགས་པ་རྣམས་འགོག་མི་ཐུབ། ད་དུང་དེ་ལས་ལྡོག་སྟེ་འཇིགས་སྐུལ་རིང་ལུགས་པ་སྐྱེད་བསྲིང་བྱེད་ཐུབ་པའི་མཐུན་རྐྱེན་དུ་འགྱུར་སྲིད་པའི་ཉེན་ཀ་ཡོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དབང་སྒྱུར་བྱ་རྒྱུ་སྟབས་བདེ་རུ་གཏོང་བར་མི་རིགས་དེའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་བཙན་སྒྱུར་བྱས་ནས་བསམ་བཞིན་མཚན་ཉིད་གསར་པ་ཞིག་འཇོག་གི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱེད་སྟངས་དེར་བློ་འཚབ་ཆེན་པོ་ཡོད་ཅེས་བཤད།།

ཨ་རིའི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་མི་དམངས་ཀྱི་ཆོས་དད་རང་དབང་ལ་ཕྱོགས་ཡོངས་ནས་རྡོག་བརྫིས་གཏོང་གི་འདུག་ཅེས་ཁ་རྡུང་གཏོང་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་རྡོག་བརྫིས་གཏོང་གི་ཡོད་པར་ཨ་མི་རི་ཀས་ངོ་རྒོལ་གྱི་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་འཆར་ཡོད་མེད་སོགས་ལ་གསར་འགོད་པས་སྐད་ཆ་དྲིས་ཚེ། ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་ཀྱིས་ལན་འདེབས་གསལ་བོ་ཞིག་བྱས་མེད་ཅིང་། ཁོ་པས་ཞིན་ཅང་གི་ས་གནས་གང་སར་བཀག་ཉར་ཁང་མང་པོ་ཞིག་ཡོད་པའི་གསར་འགྱུར་ཐོན་གྱི་འདུག རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་༡་ཡས་མས་ཤིག་བཀག་ཉར་བྱེད་ཡོད་པ་འདྲ། དེར་བརྟེན་ང་ལ་འགོག་རྐྱེན་མེད་པར་བཀག་ཉར་ཁང་དེ་དག་གི་ནང་དུ་རྟོག་ཞིབ་བྱེད་དུ་འགྲོ་རུ་འཇུག་རྒྱུ་དང་། ང་ལ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པ་ལྟར་མ་ཡིན་པར་རང་དབང་གི་སྒོ་ནས་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་པའི་ཞིན་ཅང་གི་ཡུ་གུར་བ་ཚོར་སྐད་ཆ་བཤད་ཐུབ་རྒྱུའི་གོ་སྐབས་སྤྲོད་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེའི་ཆོས་ལུགས་གཅིག་པུར་དྲག་གནོན་བྱེད་ཀྱི་ཡོད་པ་ཞིག་མིན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཁག་དང་བོད་པའི་གྲྭ་བཙུན་རྣམས། རྒྱ་གཞུང་གི་ཆོག་མཆན་མ་ཐོབ་པར་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ལའང་དམ་དྲག་ཚབས་ཆེན་བྱེད་ཀྱིན་འདུག རྒྱ་ནག་གི་འགོ་ཁྲིད་ཚོས་ཆོས་ལུགས་དགྲར་འཛིན་གྱི་དམག་འཁྲུག་ཅིག་མགོ་བརྩམས་ཀྱང་རྒྱ་ནག་གཞུང་ལ་ཆོས་ལུགས་དགྲར་འཛིན་གྱི་དམག་འཁྲུག་དེའི་རྒྱལ་ཁ་འཐོབ་མི་སྲིད། རྒྱ་ནག་མི་དམངས་ཀྱིས་ཆོས་དད་རང་དབང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པར་རྒྱ་ནག་དམར་ཤོག་ཚོགས་པས་ངེས་པར་དུ་ཉན་དགོས་ཞེས་བཤད།།

ཧོང་ཀོང་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་ཀྱིས་ཧོང་ཀོང་གི་ཆོས་ལུགས་གྲུབ་མཐའ་ཁག་གི་སྡེ་དང་རིག་གཞུང་། ཆོས་ལུགས་ཉམས་ཞིབ་སློབ་ཕྲུག་དང་ཧོང་ཀོང་གི་ཤེས་ཡོན་ཅན་སོགས་ལ་ཐུག་འཕྲད་བྱས་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དང་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྡོག་བརྫིས་ཐེབས་ཀྱི་ཡོད་པར་འགོག་རྒོལ་ཇི་ལྟར་བྱ་དགོས་མིན་གྲོས་བསྡུར་བྱ་རྒྱུ། ཧོང་ཀོང་ནས་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་ཐེ་ཝན་ལ་ཕེབས་ཏེ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཆོས་དད་རང་དབང་གི་བགྲོ་གླེང་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱ་རྒྱུ། ཕྱི་ཟླ་༣་ཚེས་༨་ཀྱི་ཞོགས་པར་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ལ་ཡེ་ཤུའི་ཆོས་དཔོན་ཝང་དབྱི་དང་ཚའོ་སན་ཆང་གཉིས་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག

ཆོས་དཔོན་ཝང་དབྱི་ནི་རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་དུ་ཚུགས་པའི་ཡེ་ཤུའི་ཆོས་ཚོགས་ཤིག་གི་ཆོས་དཔོན་ཡིན་པ་དང་ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གཞུང་གིས་ཆོས་དཔོན་ཝང་དབྱི་དང་ཆུང་མ་ཅང་རུང་གཉིས་ལ་ཆོས་ཚོགས་དེའི་ཚོགས་མི་ཚོར་རྒྱལ་ཁབ་ཀྱི་སྲིད་དབང་ལ་གྱེན་ལོག་བྱ་དགོས་པའི་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་བཀག་ཉར་བྱས་པར་མ་ཟད། ན་ནིང་ཕྱི་ཟླ་༣་པའི་ནང་དུ་ཚའོ་སན་ཆང་ལ་ཁྲིམས་འགལ་ཐོག་ཏུ་འབར་མའི་ས་མཚམས་བརྒལ་སོང་། ཁོ་པས་འབར་མའི་ས་ཐོག་ཏུ་ཆོས་ལུགས་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་སོང་ཞེས་ནག་ཉེས་བཙུགས་ནས་ལོ་༧་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་དོ།།

XS
SM
MD
LG