ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་།


ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་གྱིས་ཉེ་ཆར་ཨ་རིའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཚོགས་པའི་དྲྭ་རྒྱའི་བདེ་འཇགས་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ནི་བརྡ་འཕྲིན་མ་ལག་གི་བཟོ་ཚོང་ཁང་ཆེ་ཤོས་ཤིག་དང་། ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་རྒྱལ་ཁབ་གཞན་གྱི་ཚོགས་པ་ཁག་དང་སྐྱེ་བོ་་སྒེར་པ་སོགས་སྤྱི་སྒེར་གཉིས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་གྱིས་རྒྱལ་ཁབ་དེའི་བདེ་འཇགས་ལ་གནོད་པ་ཆེན་པོ་ཡོད་པའི་གླེང་སློང་བྱས་ཤིང་། འདི་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་བའི་ལན་ཁག་གཡོར་ས་ཙམ་ཞིག་མིན་པར་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཧ་ལས་པའི་ཉེན་ཀ་ཡོད་པ་ཨ་རིའི་གཞུང་གིས་ཡུན་རིང་ནས་དོ་སྣང་བྱུང་འདུག

ཧྭ་ཝེ་རྡ་འཕྲིན་མ་ལག་བརྒྱུད་ནས་འབྱུང་བཞིན་པའི་ཉེན་ཀ་དེ་རྣམས་གླེང་སློང་བྱུང་བའང་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་ཕྱི་རྒྱལ་ལ་བསྐྱོད་པའི་སྐབས་སུ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྐུལ་ལྟར་ཁེ་ན་ཌའི་གཞུང་ལ་འཛིན་བཟུང་བྱེད་དུ་བཅུག་པར་འབྲེལ་བ་མེད་པར་མ་ཟད། ཨ་རི་དང་རྒྱ་ནག་གི་ཚོང་དམག་ལའང་འབྲེལ་བ་མེད་ཅིང་། འདི་ནི་ཚོང་ལས་དང་ཆབ་སྲིད། ཕྱི་འབྲེལ་སོགས་གང་ལའང་འབྲེལ་བ་མེད་པར་ཁྲིམས་འཛིན་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་འབའ་ཞིག་རེད། ང་ཚོས་དག་སྐྱེལ་བྱེད་བཞིན་པ་རྣམས་དངོས་ཡོད་གནས་ཚུལ་དང་བདེན་དཔང་གཞིར་བཟུང་བྱས་ཡོད། མཐར་གནས་ཚུལ་ལེགས་ཉེས་ཅི་ཞིག་ལ་འགྱུར་བ་དང་མི་སྣ་སུ་ཞིག་གནད་དོན་འདིའི་ནང་དུ་ཚུད་ཀྱང་དོ་བདག་ལ་འདོད་པ་ཡོད་མིན་ལ་མ་ལྟོས་པར་ཁྲིམས་ལུགས་གཞིར་བཟུང་ལྟར་ཐག་གཅོད་བྱ་དགོས། མི་སུ་ཞིག་གིས་ཨ་རིའི་མི་དམངས་དང་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་ཁྲིམས་མེད་ལུགས་མེད་བྱས་ན་ང་ཚོས་དེ་ལ་ངེས་པར་དུ་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་དགོས་ཞེས་བཤད་འདུག

དབྱིན་ཡུལ་གྱི་ལོ་རྒྱུས་རིག་པའི་མཁས་པ་ནཱད་ཨོ་ཧྥུར་གྷེ་སིན་གྱིས་ཨོ་གླིང་དངུལ་རྩའི་དུས་བབ་ཀྱི་སྟེང་དུ་དབྱེ་ཞིབ་ཀྱི་རྩོམ་ཡིག་སྤེལ་བ་ལྟར་ན་ཨ་རི་དང་རྒྱ་ནག་གཉིས་ལ་ཧྭ་ཝེ་བརྡ་འཕྲིན་ཐོག་ཏུ་རྩོད་པ་འབྱུང་བཞིན་པ་ནི་འཕྲུལ་རིག་ལག་རྩལ་གྱི་འགྲན་རྩོད་ཞིག་ཡིན། འདི་ནི་དུས་རབས་སྔོན་མའི་གྲང་དམག་འཛོན་འཛིང་དུས་སུ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ངོམ་ནས་འགྲན་རྩོད་བྱས་པ་དང་འདྲ་བོ་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་མགོ་བརྩམས་པའི་ཨ་རི་དང་རྒྱ་་ནག་གི་ཚོང་དམག་དེ་ཉིད་ལས་སླ་བོར་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ཌོ་ནལ་ཊམ་གྱིས་ཚོང་དམག་ལས་ཀྱང་འཕྲུལ་རིག་ལག་རྩལ་གྱི་གོ་ཐོབ་འཆོར་མིན་གྱི་དམག་འཐབ་ཅིག་གཙིགས་སུ་བཟུང་སྟེ་འཕྲུལ་རིག་ལག་རྩལ་གྱི་འཐབ་འཛིང་ཁྲོད་དུ་ཛ་དྲག་མ་གཏོགས་ཞི་བདེ་ཞིག་མཐོང་དཀའ་ཞེས་བཤད།།

ན་ནིང་སྤྱི་ཟླ་༡༢་པའི་ནང་དུ་ཁ་ནེ་ཌའི་གཞུང་གིས་ཨ་རིའི་རེ་སྐུལ་ལྟར་རྒྱ་ནག་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱས་པའི་རྗེས་སུ་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བ་སྡུག་ཏུ་སོང་སྟེ་འགལ་ཟླ་ཆེན་པོ་ལངས། རྒྱ་ནག་གཞུང་གིས་ཀྱང་རང་གི་ས་ཐོག་ཏུ་ཡོང་བའི་ཁེ་ན་ཌའི་སྤྱི་དམངས་གཉིས་འཛིན་བཟུང་བྱས་ནས་མེན་ཝན་ཀྲུག་བཀག་ཉར་བྱས་པར་ལན་པ་སློག ཨ་རིའི་གཞུང་གིས་མེན་ཝན་ཀྲུག་གིས་ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པར་བརྩི་མེད་བཏང་སྟེ་ཨི་རན་ལ་ཨ་མི་རི་ཀའི་ཁ་པར་གྱི་ལྷུ་ལག་ཁག་ཅིག་བཙོངས་ཡོད་པའི་ནག་ཉེས་བཙུགས། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་རྩོད་གླེང་བརྒྱུད་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དོན་ལ་འགལ་ཟླ་ཁོ་ན་མ་ཡིན་པར་འགལ་བ་གསར་པ་ཞིག་ཀྱང་བསླངས ཨ་རིའི་གཞུང་གིས་སྤྱི་ལོ་༢༠༡༩་ལོའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་དང་འབྲེལ་བ་ཡོད་པའི་ཁྲིམས་ཡིག་དོན་ཚན་༨༨༩་ལ་བལྟས་ཚེ། ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱུང་ཡོད་པ་ཁུངས་སྐྱེལ་ཐུབ་ཀྱི་མེད། འདི་ནི་ཨ་རིའི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྒྱབ་འགལ་སོང་ཡོད་པ་སྟེ། ཧྭ་ཝེ་བཟོ་ཚོང་ཁང་ལ་འདྲ་མཉམ་ཐོག་ཏུ་ཁྲོམ་རའི་འགྲན་རྩོད་ལ་ཞུགས་རྒྱུ་བཀག་འགོག་བྱས་འདུག་ཅེས་ཧྭ་ཝེ་བཟོ་ཚོང་ཁང་གི་ཨ་རིའི་གཞུང་ཨ་མི་རི་ཀའི་ཁྲིམས་ཁང་ལ་གཏུགས། ཕྱི་ཟླ་༣་ཚེས་༨་ཉིན་རྒྱ་ནག་གཞུང་གིས་ཀྱང་ཧ་ཝེ་བཟོི་ཚོང་ཁང་ལ་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG