ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གནམ་བདེ་སྒོ་མོ་ཆེའི་ཨ་མའི་མཐུན་ཚོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་དམངས་ཆེན་དང་སྲིད་གྲོས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས་འཚོགས་བཞིན་པའི་སྐབས་འདིར་གནམ་བདེ་སྒོ་མོ་ཆེའི་ཨ་མའི་མཐུན་ཚོགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ལངས་པའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་དང་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ནང་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བྱས་པར་རྒྱ་ནག་གཞུང་གིས་དཀར་འདོན་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

གནམ་བདེ་སྒོ་མོ་ཆེའི་ཐང་གི་ཨ་མའི་མཐུན་ཚོགས་ནི་སློབ་ཕྲུག་འདས་པོི་རྣམས་ཀྱི་ཨ་མ་ཚོས་རྩ་འཛུགས་བྱས་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་སྒྲིག་འཛུགས་ལ་ཆོག་མཆན་ཞུས་ནས་ཡོངས་བསྒྲགས་སྙན་ཞུ་དེ་ཕུལ། ཁོ་ཚོའི་སྙན་ཞུ་དེར་ལོ་ངོ་སུམ་བཅུའི་གོང་དུ་རྒྱ་ནག་གཞུང་གིས་དམག་བཏང་ནས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ཞུགས་པའི་མི་ཚོགས་ལ་མེ་སྒྱོགས་དང་མེ་མདའ་བརྒྱབ་པ། མི་གསོན་པའི་ཐོག་ཏུ་ལྕགས་འཁྲབ་འཁོར་ལོ་བཏང་ནས་མཚོན་ཆ་ཅི་ཡང་ཐོགས་མེད་པ་དང་ཞི་བའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་དང་མི་མང་དཀྱུས་མ་ཚོར་དྲག་གནོན་བྱས་པའི་སེམས་ཀྱི་རྨ་ཁ་ནི་ད་དུང་ཡང་སོས་མེད་ཅིང་། ང་ཚོས་སླར་ཡང་རྒྱ་ནག་གི་འགོ་ཁྲིད་ཚོར་ཡོངས་བསྒྲགས་ཀྱི་སྙན་ཞུ་འདི་ཕུལ་ནས་ལོ་རྒྱུས་ཀྱི་དོན་རྐྱེན་འདིར་དཀར་འདོན་དང་ངོས་འཛིན་གསར་པ་ཞིག་བྱ་རྒྱུ། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་སུ་གནོད་འཚེ་ཕོག་པའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱ་དགོས། དྲུག་བཞིའི་དོན་རྐྱེན་འདི་ཁྲིམས་མཐུན་དང་འགྲོ་ལུགས་བརྒྱུད་ནས་ཐག་གཅོད་ཡག་པོ་ཞིག་བྱ་དགོས་པའི་རེ་འདུན་ཞུ་ཡི་ཡོད་ཅེས་བཀོད།།

གནམ་བདེ་སྒོ་མོ་ཆེའི་ཨ་མའི་མཐུན་ཚོགས་ཀྱིས་ང་ཚོས་ལོ་ལྟར་ཡོངས་བསྒྲགས་ཀྱི་སྙན་ཞུ་རེ་ཕུལ་ཡང་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ཇི་བཞིན་ལོ་རེ་རེའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ང་ཚོའི་རེ་འབོད་ལ་གཏན་ནས་ཁ་ཡ་བྱས་མ་མྱོང་། ད་དུང་དེ་ལས་ལྡོག་སྟེ་ང་ཚོའི་ལྷག་བསམ་རྣམ་དག་གིས་རེ་སྐུལ་ཞུས་པར་སྤྱི་བདེ་མི་སྣ་དང་གསང་བའི་མི་སྣ་སོགས་མངགས་ནས་དམ་དྲག་བྱས་བྱུང་། ང་ཚོ་མྱ་ངན་དང་དཀའ་ངལ་གྱིས་མནར་བཞིན་པའི་མི་རྣམས་ལ་སྔར་ལས་ལྷག་པའི་དམ་དྲག་དང་གནོན་སྡོམ་བྱས་ཏེ་སྡུག་གི་སྟེང་ལ་སྡུག་གི་ཁ་བསྣན་ཡོང་གི་འདུག་ཅེས་བཀོད།།

གནམ་བདེ་སྒོ་མོ་ཆེའི་ཨ་མའི་མཐུན་ཚོགས་ཀྱི་ལས་འགུལ་འགོ་ཁྲིད་ནི་རྒྱ་ནག་མི་དམངས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཏིན་ཙི་ལིན་ཡིན་ཞིང་། ཁོ་ཚོས་དྲུག་བཞིའི་དོན་རྐྱེན་ནང་དུ་བུ་ཕྲུག་གི་ཚེ་སྲོག་ཤོར་ཡོད་པའི་ཨ་མ་རྣམས་ཀྱི་མཉམ་འབྲེལ་ཚོགས་པ་བཙུགས། ཏིན་ཙི་ལིན་ལ་མཚོན་ན་ཁོ་མོའི་བུ་ལོ་ན་༡༧་སོན་པ་ཅང་ཅེ་ལན་༡༩༨༩་ལོའི་ཕྱི་ཟླ་༦་པའི་ཚེས་༣་གྱི་མཚན་མོར་པེ་ཅིང་གི་ཧྥུའུ་ཞིན་མིན་ཞེས་པའི་མདུན་གྱི་ཁྲོམ་ལམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ལ་བསྐྱོད་སྐབས་སུ་རྒྱ་ནག་གི་དམག་མིས་མེ་མདའ་བརྒྱབ་ནས་བསད། ད་ལོ་ཏིན་ཙི་ལིན་ལ་ཨ་རིའི་རླུང་འཕྲིན་ཁང་གིས་ཁ་པར་བཏང་སྟེ་བཅར་འདྲི་ཞུས་ཀྱང་ཁོ་མོས་བཅར་འདྲི་དང་ལེན་བྱ་རྒྱུ་སྟབས་བདེ་བོ་མི་འདུག་ཅེས་ལན་བཏབ། ལོ་ཤས་ཀྱི་གོང་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་ཁང་ཁག་གིས་ཁོ་མོར་བཅར་འདྲི་ཞུས་པའི་སྐབས་སུ་ལན་འདེབས་བྱས་པ་ལྟར་ན་ལོ་རེའི་དྲུག་བཞིའི་དུས་དྲན་གྱི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་ཆེད་དུ་མི་མངགས་ཏེ་སྒོ་འགྲམ་ཏུ་ཡོང་ནས་ལྟ་རྟོག་ནན་པོ་བྱེད་ཀྱིན་འདུག ཕྱིའི་གསར་འགོད་པ་དང་མགྲོན་པོ་སོགས་ཡོང་ནས་ང་ལ་ཐུག་འཕྲད་བྱ་རྒྱུ་འགོག་གི་འདུག་ཅེས་བཤད།།

ད་ཐེངས་ཀྱི་ཡོངས་བསྒྲགས་སྙན་ཞུའི་ནང་དུའང་ཡི་གེ་འདི་འབུལ་མཁན་རྣམས་ནི་དྲུག་བཞིའི་དོན་རྐྱེན་སྐབས་སུ་ཚེ་སྲོག་ཤོར་པའི་སློབ་ཕྲུག་འདས་པོ་རྣམས་ཀྱི་ཁྱིམ་བདག་རྣམས་ཡིན། ང་ཚོ་རྒྱ་ནག་གི་བཙན་ཁྲིམས་ལྟ་རྟོག་འོག་ཏུ་ཚུད་ཡོད་པས་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་དུས་དྲན་དང་ཚོགས་འདུ་སོགས་ཀྱི་དུས་སུ་སྒོ་ཁར་མི་དང་རླངས་འཁོར་མངགས་ནས་ལྟ་རྟོག་བྱེད་ཀྱིན་འདུག ང་ཚོ་རང་ཁྱིམ་ནས་ཕྱི་ལ་འགྲོ་མི་ཆོག་པར་མ་ཟད། ང་ཚོས་མགྲོན་པོར་སྣེ་ལེན་ཡང་བྱེད་མི་ཆོག་ཅིང་། གལ་སྲིད་ང་ཚོ་ཕྱི་ལ་འགྲོ་དགོས་ན་རླངས་འཁོར་གྱིས་རྗེས་འདེད་བྱེད་པའམ། ཡང་ན་གཞུག་ལ་སོ་མྱུལ་མངགས་པ། དེ་མིན་ན་ང་ཚོའི་ཁ་པར་ལ་ལྐོག་ཉན་བྱེད་པ་དང་གློག་ཀླད་ནང་དྲ་ལམ་ནས་གཏོར་བརླག་བྱེད་ཀྱིན་འདུག ཡིན་ནའང་གནམ་བདེ་སྒོ་མོ་ཆེའི་ཐང་གི་ཨ་མའི་མཐུན་ཚོགས་ཀྱིས་དམངས་གཙོའི་ཆེད་ཚེ་སྲོག་བློས་གཏོང་བྱེད་མཁན་རྣམས་ཀྱི་རྣམ་ཤེས་སྲུང་སྐྱོབ་དང་སོ་སྲུང་བ་ཡིན་པས་ང་ཚོ་ནམ་ཡང་མགོ་བོ་སྒུར་མི་སྲིད་ཅེས་བྲིས་འདུག

XS
SM
MD
LG